ཐེ་ཝན་ནང་འགུལ་ཚད་རིམ་པ་བདུན་ཚེགས་བཞི་ཅན་གྱི་ས་ཡོམ་བརྒྱབ་ནས་ཉུང་མཐར་མི་༩ཡི་ཚེ་སྲོག་ཤོར་འདུག

2024.04.03
ཐེ་ཝན་ནང་འགུལ་ཚད་རིམ་པ་བདུན་ཚེགས་བཞི་ཅན་གྱི་ས་ཡོམ་བརྒྱབ་ནས་ཉུང་མཐར་མི་༩ཡི་ཚེ་སྲོག་ཤོར་འདུག ཐེ་ཝན་ནང་འགུལ་ཚད་རིམ་པ་བདུན་ཚེགས་བཞི་ཅན་གྱི་ས་ཡོམ་བརྒྱབ་པའི་གནོད་ཐེབས་ས་ཁུལ། ༠༤།༠༣།༢༠༢༤
AP

དེ་ཡང་ཐེ་ཝན་གཞུང་འབྲེལ་གྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། འདི་ཚེས་༣ཉིན་གྱི་ཞོགས་པ་ཆུ་ཚོད་༨པ་མ་ཟིན་ཙམ་ལ་ཐེ་ཝན་ནང་འགུལ་ཚད་རིམ་པ་བདུན་ཚེགས་བཞི་ཡོད་པའི་ས་ཡོམ་བརྒྱབ་ནས་འདི་ཚེས་༣ཉིན་གྱི་ཕྱི་དྲོ་བར་ཉུང་མཐར་མི་དགུ་ཡི་ཚེ་སྲོག་ཤོར་ཡོད་པ་དང་། ཁང་པ་མང་པོ་རྡིབ་སྐྱོན་བྱུང་བའི་ཁྲོད་མི་གྲངས་༩༠༠ལྷག་ལ་རྨས་སྐྱོན་ཕོག་ཡོད་པ་བསྒྲགས་འདུག་ལ། ཨ་རིའི་ས་གཤིས་བརྟག་དཔྱད་ཁང་(USGS)་གིས་ཀྱང་ད་རེས་ཀྱི་ས་ཡོམ་དེ་ནི་འགུལ་ཚད་རིམ་པ་བདུན་ཚེགས་བཞི་ཡིན་པ་བསྒྲགས་འདུག་ལ། ཐེ་ཝན་གྱི་ས་ཡོམ་གནོད་ཐེབས་ས་ཁུལ་དུ་མྱུར་སྐྱོབ་ལས་དོན་སོགས་མུ་མཐུད་དུ་སྤེལ་བཞིན་པ་ལྟར་མི་གྲངས་ཤི་རྨས་དང་ཁང་པ་གཏོར་སྐྱོན་སོགས་ཀྱི་གྲངས་འབོར་འཕར་སྲིད་པ་རེད།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཐེ་ཝན་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་སུ་ཐེ་ཝན་ནང་བྱུང་པའི་ས་ཡོམ་ཀྱི་གོད་ཆག་ཐད་བཅར་འདྲི་ཞུས་སྐབས། ཁོང་གིས་དེ་རིང་སྔ་དྲོ་ཐེ་ཝན་ནང་འགུལ་ཚད་ཤུགས་ཆེ་བའི་ས་ཡོམ་བྱུང་ཡོད་ན་ཡང་། མི་ཁ་ཤས་ཀྱི་ཚེ་སྲོག་ཤོར་བ་དང་ཁང་པ་མང་པོ་རྡིབ་སྐྱོན་བྱུང་ནས་མི་མང་པོར་རྨས་སྐྱོན་ཕོག་ཡོད་འདུག ཡིན་ན་ཡང་ཐེ་ཝན་ནང་ནམ་རྒྱུན་དུ་ས་ཡོམ་མང་པོ་རྒྱག་བཞིན་ཡོད་དུས་ཐེ་ཝན་གཞུང་ཕྱོགས་ནས་ས་ཡོམ་གྱི་གནོད་འཚེ་འགོག་ཐབས་དང་མྱུར་སྐྱོབ་ལས་དོན་ཆེད་ས་འོག་མེ་འཁོར་སོགས་དུས་ཐོག་སུ་བཀག་པར་བརྟེན་ད་རེས་ཀྱི་ས་ཡོམ་གྱི་དོན་རྐྱེན་ཁྲོད་ཤི་རྨས་ཀྱི་གནས་ཚུལ་ཉུང་བ་འདུག་ལ། མི་རྣམས་རྒྱུན་ལྡན་ལྟར་རང་རང་སོ་སོའི་ལས་ཀར་འགྲོ་བཞིན་པ་དང་། མང་ཚོགས་ཁྲོད་དེ་ཙམ་གྱི་དངངས་འཚབ་བྱུང་མི་འདུག་ཅེས་དང་། ས་ཡོམ་གྱི་དོན་རྐྱེན་བྱུང་མ་ཐག་ཁོང་གིས་ཞལ་པར་རྒྱུད་འབྲེལ་ཡོད་ཚོགས་པ་ཁག་དང་འབྲེལ་བ་བྱས་སྐབས། ད་ལྟ་ས་ཡོམ་བརྒྱབ་ཡུལ་གཙོ་བོ་ཐེ་ཝན་གྱི་(Hualien)་ཧ་ལེན་རྒྱལ་སའི་ནང་གནས་སྡོད་བོད་པའི་ཁྱིམ་ཚང་ཞིག་གི་ཁང་པར་ཅུང་གནོད་སྐྱོན་བྱུང་པ་ཙམ་ལས་གཞན་བོད་མིའི་ཚེ་སྲོག་ཤོར་བའི་གནས་ཚུལ་གཅིག་ཀྱང་བྱུང་མེད་པ་གསུངས་བྱུང་།

56f565ee-144b-4090-a809-8a875e86aa1a.jpeg
Hualien Fire Department via AFP
ཐེ་ཝན་ནང་དེ་སྔ་ཕྱི་ལོ་༡༩༩༩ལོར་ས་ཡོམ་འགུལ་ཚད་༧་༦ཅན་ཞིག་བརྒྱབ་ནས་ཉུང་མཐར་མི་གྲངས་༢༤༠༠ལྷག་འདས་གྲོངས་སུ་གྱུར་ཡོད་པ་དང་། ཐེ་ཝན་གྱི་ས་ཡོམ་བརྟག་དཔྱད་ཁང་གི་གསུངས་དོན་ལྟར་ན། ད་རེས་ཀྱི་ས་ཡོམ་དེ་བཞིན་ཐེ་ཝན་ནང་ལོ་ངོ་༢༥རྗེས་སུ་བྱུང་བའི་ས་ཡོམ་ཤུགས་ཚད་ཆེ་ཤོས་དེ་ཡིན་པ་རེད།

* ས་ཡོམ་ཁྲོད་མི་སྣ་ཤི་རྨས་ཀྱི་གྲངས་འབོར་སོགས་འཕར་སྲིད་པས་རིམ་པས་ཁ་སྣོན་བྱེད་རྒྱུ་ཡིན།


གསར་འགོད་པ། པ་སངས་ཚེ་རིང་། ཀླུ་འབུམ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དིང་རི་རྫོང་དུ་སླར་ཡང་ཕྱི་ཚེས་ ༡༣ ཉིན་ས་ཡོམ་འགུལ་ཚད་ ༥.༡ ཅན་ཞིག་བརྒྱབ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎