ལྕམ་ཚའེ་ཨིང་ཝིན་ལ་སླར་ཡང་ཐེ་ཝན་གྱི་སྲིད་འཛིན་འོས་བསྡུའི་རྒྱལ་ཁ་ཐོབ་པར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འཚམས་འཕྲིན་སྩལ་གནང་གནང་འདུག
ཐེ་ཝན་གྱི་མང་གཙོ་ཡར་ཐོན་ཚོགས་པའི་འོས་མི་ལྕམ་ཚའེ་ཨིང་ཝིན་(Tsai Ing-Wen)་མཆོག་ལ་སླར་ཡང་ཐེ་ཝན་གྱི་སྲིད་འཛིན་འོས་བསྡུའི་རྒྱལ་ཁ་ཐོབ་པར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཚམས་འཕྲིན་གནང་ཡོད་པའི་ནང་། ༧གོང་ས་མཆོག་ཐེ་ཝན་ནང་ཐེངས་གསུམ་ཙམ་ཆིབས་བསྒྱུར་གནང་བའི་སྐབས་མི་མང་མཉམ་ཐུགས་འབྲེལ་བ་གནང་རྒྱུའི་གོ་སྐབས་བྱུང་བ་དང་། སྐབས་དེར་ཐེ་ཝན་མི་དམངས་སྤྱི་དང་ལྷག་པར་དུ་ནང་པའི་དད་ལྡན་པ་རྣམས་ཀྱི་དད་པ་དམ་ཚིག་གཡོ་བ་མེད་པ་ཞིག་ཡོད་པའི་ཐུགས་ཚོར་བྱུང་ལ་ངོས་རང་ནང་པའི་དགེ་སློང་ཞིག་ཡིན་པའི་ཆ་ནས་གང་ཐུབ་ཀྱིས་ཆོས་ཕྱོགས་ཀྱི་སློབ་གསོ་སྤྲོད་ཐབས་གནང་བཞིན་ཡོད་ལུགས་བཀའ་གནང་ཡོད་འདུག དེ་དང་ཕྱོགས་མཚུངས་༧གོང་ས་མཆོག་སྐུ་ཉིད་མང་གཙོའི་ལམ་ལུགས་ཕྱག་བཞེས་གནང་མཁན་ཞིག་ཡིན་པའི་ཆ་ནས་ཐེ་ཝན་མི་མང་ཚོས་མང་གཙོའི་ལམ་ལུགས་གོང་འཕེལ་གཏོང་ཐུབ་པ་ཙམ་མ་ཡིན་པར་རང་གི་རིག་གཞུང་ཕྱུག་པོ་དེ་དག་རྒྱུན་འཛིན་བྱེད་པའི་ཐོག་ནས་ཤེས་ཡོན་སློབ་གསོ་དང་། དཔལ་འབྱོར་གྱི་གནས་སྟངས་སོགས་གང་ས་ཅིའི་ཐད་ནས་ཡར་རྒྱས་ཧ་ཅང་ཆེན་པོ་གཏོང་ཐུབ་པ་དེ་ནི་བསྔགས་བརྗོད་འོས་པ་ཞིག་ལ་ངོས་འཛིན་གྱི་ཡོད་ཅེས་གསུངས་ཡོད་འདུག
ཡང་གོང་ཞུས་འཚམས་འཕྲིན་དེའི་ནང་། ལྕམ་ཚའེ་ཨིང་ཝིན་མཆོག་ལ་འཚམས་འདྲི་གནང་བ་དང་ཆབས་ཅིག་ཐེ་ཝན་དང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དབར་གྱི་འབྲེལ་བའི་ཁ་ཕྱོགས་དེ་མགོ་རྙོག་ཅན་ཞིག་ཡིན་ནའང་ཕྱོགས་གཉིས་ཀའི་ངོས་ནས་མི་དང་མིའི་དབར་གྱི་འབྲེལ་བ་བྱེད་རྒྱུས་མཚོན་བཟང་ཕྱོགས་ཀྱི་འབྲེལ་བ་ཡོང་ཐབས་བྱེད་དགོས་རྒྱུ་གལ་ཆེན་པོ་རེད་ཅེས་བཀའ་སྩལ་གནང་ཡོད་འདུག
དེ་བཞིན་ད་རེས་ལྕམ་ཚའེ་ཨིང་ཝིན་མཆོག་ལ་སླར་ཡང་སྲིད་འཛིན་གྱི་འོས་བསྡུའི་རྒྱལ་ཁ་ཐོབ་པ་དེར། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ལགས་དང་། སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་ལགས་གཉིས་ཀྱིས་སོ་སོར་འཚམས་འདྲི་གནང་འདུག