ཐེ་ཝན་གྱི་སྲིད་འཛིན་གྱི་ཨ་རིའི་ཞག་བཞུགས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་།

2019-07-12
གློག་འཕྲིན།
མཆན།
Share
པར་བཀོད།
ཐེ་ཝན་གྱི་སྲིད་འཛིན་(Tsai Ing-wen)་མཆོག་ཨ་རིའི་ནེའུ་ཡོག་ཏུ་ཚོང་དོན་ཚོགས་འདུ་ཞིག་གི་སྐབས། ༢༠༡༩།༧།༡༢
ཐེ་ཝན་གྱི་སྲིད་འཛིན་(Tsai Ing-wen)་མཆོག་ཨ་རིའི་ནེའུ་ཡོག་ཏུ་ཚོང་དོན་ཚོགས་འདུ་ཞིག་གི་སྐབས། ༢༠༡༩།༧།༡༢
AP

ཐེ་ཝན་གྱི་སྲིད་འཛིན་(Tsai Ing-wen)་མཆོག་གི་འཚམས་གཟིགས་ལམ་བར་ནས་ཨ་མི་རི་ཀར་ཞག་བཞུགས་གནང་བར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱེད་བཞིན་པ་རེད།
ཐེ་ཝན་གྱི་སྲིད་འཛིན་ལྕམ་ཚཡེ་དབྱིང་ཝེན་(Tsai Ing-wen)མཆོག་ཐེ་ཝན་དང་གཞུང་འབྲེལ་ཡོད་པའི་ཀེ་རི་སྦི་ཡན་(Caribbean)་མཚོ་གླིང་གི་རྒྱལ་ཁབ་བཞི་ལ་འཚམས་གཟིགས་ཀྱི་ལམ་བར་དུ་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཕྱི་ཚེས་ ༡༡ དང་ ༡༢ ཉིན་གྲངས་སམ་ཆུ་ཚོད་ ༤༨ ་རིང་བཞུགས་ཞག་གནང་བཞིན་ཡོད་ཅིང་། ཕྱི་ཚེས་ ༡༡ དགོངས་མོ་གྲོང་ཁྱེར་ནིའུ་ཡོཀ་ཏུ་ཡོད་པའི་ཐེ་ཝན་ཚོང་ལས་ལྟེ་གནས་སམ་དོན་དུ་ཐེ་ཝན་གཞུང་ཚབ་ནང་མཇལ་འཛོམས་ཀྱི་གསུང་བཤད་གནང་ཡོད་པ་རེད། ཐེ་ཝན་གྱི་སྲིད་འཛིན་ཨ་རིའི་ནང་ཕེབས་རྒྱུ་དང་མི་སྣ་ཐུག་འཕྲད། ཚོགས་འདུའི་ཐོག་གསུང་བཤད་གནང་རྒྱུའི་བྱ་རིམ་ཁག་ལ་ངེས་པར་ཨ་རིའི་སྲིད་འཛིན་གྱི་བཀའ་ཁྲོལ་དགོས་ཀྱི་ཡོད་པ་རེད།
ནིའུ་ཡོཀ་གྲོང་ཁྱེར་ནི་ཨ་རིའི་རྒྱལ་ས་དང་བར་ཐག་ཉེ་བོ་ཡིན་པའི་ཁར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྟེན་གཞི་ཡང་ནིའུ་ཡོཀ་ཏུ་ཡོད་པས། ལྕམ་ཚཡེ་དབྱིང་ཝེན་ཐེངས་འདིའི་ནིའུ་ཡོཀ་གི་བཞུགས་ཞག་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱས་ཡོད་པ་རེད་ལ་རྒྱ་ནག་གིས་མ་དགའ་རྣམ་འགྱུར་བསྟན་པ་དང་སྐྱོན་བརྗོད་བྱས་ཡོད།
གཞི་རྐང་ཐེ་ཝན་གྱི་སྲིད་འཛིན་ཨ་རི་རྒྱུད་ཡུལ་གྲུ་གཞན་དུ་ཕེབས་རྒྱུའི་གྲ་སྒྲིག་ཟླ་བ་མང་པོའི་སྔོན་ནས་བྱས་ཟིན་པ་ཞིག་ཡིན་ན་ཡང་། དུས་ཚོད་འདི་ནི་ཨ་རི་དང་རྒྱ་ནག་དབར་གྱི་ཚོང་དོན་ཐད་རྩོད་གཞི་ཆེན་པོ་ཡོད་པ་དང་། ཨ་རིའི་བདེ་སྲུང་ལྷན་ཁང་གིས་ཐེ་ཝན་ལ་ཨ་རིའི་ཌོ་ལར་ཐེར་འབུམ་གཉིས་ཙམ་གྱི་གོ་མཚོན་ཚོང་བསྒྱུར་བྱེད་རྒྱུའི་བཀའ་ཁྲོལ་གནང་པའི་རྗེས་སུ་བྱུང་བར་བརྟེན་རྒྱ་ནག་གཞུང་ལྷག་པར་མི་དགའ་བྱེད་རྒྱུ་ཡིན་པ་གནད་དོན་དབྱེ་ཞིབ་པ་ཚོས་ཚོད་དཔག་བྱེད་བཞིན་ཡོད་པ་རེད།
ཕྱི་ཚེས་ ༡༡ ཉིན་ལྕམ་ཚཡེ་དབྱིང་ཝེན་གྲོང་ཁྱེར་ནིའུ་ཡོཀ་གི་ཞག་བཞུགས་གནང་སའི་མགྲོན་ཁང་གི་མདུན་དུ་དགའ་བསུ་བྱེད་མཁན་མི་མང་པོ་འཛོམས་ཡོད་པ་དང་ཆབས་ཅིག་ ལག་ཏུ་རྒྱ་ནག་གི་དར་དམར་བཟུང་བའི་ངོ་རྒོལ་བྱེད་མཁན་ཡང་མང་པོ་ཡོད་པ་དང་། སྐབས་ཤིག་ལ་དགའ་བསུ་བྱེད་མཁན་དང་ངོ་རྒོལ་བྱེད་མཁན་ཤོག་ཁག་བར་འཁྲུག་རྩོད་ཤོར་ནས་ཉེན་རྟོག་པས་སྟངས་འཛིན་བྱས་དགོས་པ་ཡང་བྱུང་འདུག
མདང་དགོང་ནིའུ་ཡོག་གྲོང་ཁྱེར་དུ་བཅའ་སྡོད་ཐེ་ཝན་དཔལ་འབྱོར་དང་རིག་གཞུང་ལས་དོན་ཁང་དང་ཐེ་ཝན་དང་ཕྱི་འབྲེལ་ཡོད་པའི་རྒྱལ་ཁབ་ ༡༧ ་ཟུང་དུ་འབྲེལ་ནས་བཤམས་པའི་གསོལ་སྟོན་སྐབས། ལྕམ་ཚཡེ་དབྱིང་ཝེན་ལགས་ཀྱིས་ཐེ་ཝན་དང་ཨ་རིའི་འབྲེལ་བ་ཇེ་ཡག་ཇེ་བརྟན་དུ་འགྲོ་བཞིན་ཡོད་ཅེས་དང་། ཡང་རྒྱ་ནག་ལ་གོ་བ་བཏང་ནས་ད་ལྟ་དང་མ་འོངས་པ་ནམ་ཡིན་ཡང་ཐེ་ཝན་གྱིས་འཇིགས་སྐུལ་གྱི་མདུན་དུ་མགོ་བ་སྒུར་མི་སྲིད་ཅེས་གསུངས་ཡོད་པ་རེད། དེ་དང་ཆབས་ཅིག་ཐེ་ཝན་ལ་རྒྱབ་སྐྱོར་གནང་མཁན་ཚོས་ཐེ་ཝན་མཉམ་འབྲེལ་རྒྱལ་ཚོགས་ནང་འཛུལ་ཞུགས་བྱ་རྒྱུར་རྒྱབ་ད་དུང་ཆེ་ཙམ་དགོས་པའི་བསྐུལ་མ་གནང་ཡོད་པ་རེད།
ལྕམ་ཚེ་དབྱིང་ཝེན་ནིའུ་ཡོག་ཏུ་བཞུགས་རིང་མཛད་འཆར་མང་པོ་ཞིག་ཡོད་པའི་ཁོངས་སུ། ཐེ་ཝན་དང་ཨ་རིའི་ཁེ་ལས་མཐོ་རིམ་ལྷན་ཚོགས་ཤིག་ཏུ་ཞུགས་རྒྱུ་དང་། དེ་མིན་ཀོ་ལོམ་སྦི་ཡ་གཙུག་ལག་སློབ་ཆེན་དུ་འཚོག་རྒྱུའི་ཞིབ་འཇུག་ཚོགས་འདུ་ཞིག་ཏུ་མཉམ་ཞུགས་གནང་རྒྱུ་ཡིན་པ་རེད།
ཚེས་ ༡༣ ་རེས་གཟའ་སྤེན་པའི་ཉིན་ལྕམ་ཝེ་དབྱིན་ཝིན་(Caribbean)་མཚོ་གླིང་གི་རྒྱལ་ཁབ་བཞིར་འཚམས་གཟིགས་སུ་ཕེབས་རྒྱུ་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།