རྒྱ་ནག་གཞུང་གིས་བོད་ནང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་ཐབས་ཀྱི་ཁྲིམས་སྒྲིག་ཁག་མེད་པར་བཟོ་དགོས།


2020.06.16
སྙན་ཐོའི་མདུན་ཤོག སྙན་ཐོའི་མདུན་ཤོག
དྲ་བཤུས།

རྒྱ་ནག་གཞུང་གིས་བོད་ནང་ཆོས་དད་རང་དབང་དང་བསམ་བརྗོད་རང་དབང་། ཁྲིམས་ཞིབ་ཀྱི་ཐོབ་ཐང་སོགས་རྡོག་རོལ་བཏང་དང་གཏོང་བཞིན་པ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ཁང་གིས་སྙན་ཐོའི་ནང་གསལ་བཏོན་བྱས་འདུག
རྒྱ་གར་རྡ་རམ་སཱ་ལར་ཡོད་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། སྤྱི་ཟླ་༦་པའི་ཚེས་༡༦་ཉིན་བོད་ནང་གི་སྤྱི་ལོ་༢༠༡༩་ལོའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་ཤོག་ངོས་༧༧་ཡོད་པ་ཞིག་བཏོན་ཡོད་ཅིང་། དེའི་ནང་རྒྱ་ནག་གཞུང་གིས་བོད་ནང་ཆོས་དད་རང་དབང་གི་ཐོབ་ཐང་དང་། དྲང་བདེན་གྱི་ཁྲིམས་ཞིབ་ཐོབ་ཐང་། ཞི་བའི་སྒོ་ནས་འདུ་འཛོམས་ཀྱི་རང་དབང་དང་། བསམ་བརྗོད་རང་དབང་གི་ཐོབ་ཐང་། བོད་ཡིག་དང་སློབ་གསོའི་ཐོབ་ཐང་བཅས་རྡོག་རོལ་བཏང་དང་གཏོང་མུས་སུ་ཡིན་པ། སྡེ་ཚན་ལྔ་ལ་དབྱེ་ནས་བཏོན་ཡོད་པ་དང་། དེའི་ནང་འདས་ལོའི་ནང་རྒྱ་ནག་གཞུང་གིས་རང་དང་ལྟ་སྤྱོད་མི་མཐུན་པ་ཆ་ཚང་ཚར་གཅོད་ཐབས་སུ། ནག་སེལ་གཤེད་འཇོམས་ཀྱི་འཐབ་རྩོད་བེད་སྤྱོད་ཀྱིས་ཟླ་བ་གཅིག་དང་ཕྱེད་ཀའི་རིང་། རྒྱ་ནག་གིས་འབོད་བཞིན་པའི་མཚོ་སྔོན་དུ་མི་༣༠༠་དང་། བོད་ལྗོངས་དུ་ཟླ་བ་དྲུག་ནང་མི་༣༠༠་བཙོན་འཇུག་བྱས་ཡོད་པ་ཤེས་རྟོགས་བྱུང་བ་མ་ཟད། དོན་དངོས་སུ་དེ་ལས་མང་བ་བྱུང་ཡོད་པ་ཁོང་ཚོར་གདེང་ཚོད་ཡོད་ཅེས་འགྲེལ་བརྗོད་གནང་ཡོད་ཅིང་། རྒྱ་གཞུང་གིས་ཆབ་སྲིད་ལས་འགུལ་ཁྲོད་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་བཀག་བསྐྱིལ་དང་། ཁོར་ཡུག་སྲུང་སྐྱོབ་ལ་དྲག་གནོན། རུལ་སུང་ཐེར་འདོན་པ་ཚོ་བཙོན་འཇུག་བཅས་བྱས་ཡོད་པ་དང་། སྐད་ཡིག་སློབ་གསོའི་ཐད་ནས་བོད་ཡིག་དང་ཆོས་ལུགས་སློབ་གསོ་ལ་དམ་དྲག། བོད་ཀྱི་རིག་གཞུང་གླེང་སློང་ཁྲིམས་འགལ་དུ་བསྒྱུར་པ། སྨྲ་བརྗོད་རང་དབང་དང་སྒེར་གྱི་ཐོབ་ཐང་གི་ཐད་ནས་ཆ་འཕྲིན་བཀག་སྡོམ་དང་དོགས་ཟོན་མྱུལ་ཞིབ། དྲ་ལམ་ཞིབ་བཤེར་དང་ཆབ་སྲིད་སློབ་གསོ་སྤེལ་བ། ཞི་བའི་འདུ་འཛོམས་རང་དབང་ལ་ཆ་མཚོན་ན་ས་ཆའི་བདག་དབང་དོན་གཉེར་བ་བཙོན་འཇུག རུལ་སུངས་ཐེར་འདོན་ཞུ་གཏུག་པ་ཁྲིམས་འགལ་དུ་བསྒྱུར་བ། ཞི་རྒོལ་བ་ཚོ་བཙོན་འཇུག་དང་རང་སྲེག་དང་རང་བཙན་གྱི་ཞི་རྒོལ་བར་དྲག་གནོན། དྲང་བདེན་གྱི་ཁྲིམས་ཞིབ་ཐོབ་ཐང་མེད་པ་ནི། དག་འབུད་ཞུ་གཏུག་གི་ཐོབ་ཐང་མ་སྤྲད་པ་དང་། ཁྲིམས་ཞིབ་ནར་འགྱངས་ཀྱི་བཀག་བསྐྱིལ། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབས་ཀྱི་ཁྲིམས་རྩོད་པར་བརྡབ་གསིག་གཏོང་བ། ཆོས་དད་རང་དབང་གི་ཆ་ནས་༧པཎ་ཆེན་རིན་པོ་ཆེ་བཙན་དབང་གིས་གར་སོང་ཆ་མེད་བཟོས་པ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་བསྒྱུར་ཐབས། བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་སྤེལ་བ་དང་རྒན་ཡོལ་ལས་བྱེད་པར་དྲག་གནོན། དགོན་སྡེ་ཁག་གི་གྲྭ་བཙུན་ཇེ་ཉུང་དུ་གཏོང་བ་སོགས་འཁོད་འདུག
ཕྱི་ལོ་༢༠༡༩་ལོར་རྒྱ་གཞུང་གིས་རུ་ཁག་ཅན་གྱི་སློབ་གསོའི་རོགས་སྐྱོར་ལས་གཞི་ཟེར་བ་བོད་སྐད་ཡིག་རིག་གཞུང་རྒྱ་བསྒྱུར་གྱི་སྲིད་བྱུས་མང་པོ་ཤུགས་ཆེར་བཏང་ཡོད་པ་མ་ཟད། ཕྱི་ལོ་༢༠༡༩་ཟླ་༨་པའི་ནང་ཞིང་ཆེན་དང་གྲོང་ཁྱེར་༡༧་ནས་རྒྱ་རིགས་དགེ་རྒན་༤༠༠་ཡིས་བོད་རང་སྐྱོང་ལྗོངས་ཀྱི་སློབ་གྲྭ་ཁག་༢༡་ནང་འཛིན་སྐྱོང་དོ་དམ་དང་། དགེ་རྒན་གྱི་ལས་ཀ་འགོ་བཙུགས་པ་དང་། ལས་གཞི་དེ་ནི་རྒྱ་ནག་གཞུང་གིས་བོད་སྐད་ཡིག་སློབ་གསོ་དང་རྒྱའི་སྐད་ཡིག་བར་གྱི་ཧེ་བག་མེད་པ་བཟོ་ཐབས་ཀྱི་ལས་འཆར་ཆེན་པོ་གཉིས་ཀྱི་གཅིག་ཡིན་ཅིང་། ལས་གཞི་འདི་གཏན་འབེབས་དང་འཆར་འགོད་ཁྱབ་སྤེལ་གྱི་ཐད་ནས། ནང་སའི་དགེ་རྒན་དང་འཛིན་སྐྱོང་པ་ཆེད་འདེམས་བྱས་པ་དེ་ཡང་། དུས་ཡུན་རིང་པོར་རྒྱ་ནག་དམར་ཤོག་ཚོགས་པར་དགའ་ཞེན་ཆེ་བའི་རྒྱལ་གཅེས་པ་བོད་ཀྱི་མི་རབས་གསར་པ་ཞིག་བསྐྱེད་སྲིང་ཡོང་ཐབས་སུ་འབད་ཀྱི་ཡོད་པ་འཁོད་འདུག
དེ་དང་མཉམ་རྒྱ་ནག་གཞུང་ནས་ངེས་པར་དུ་བོད་ནང་གཞི་རྩའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་ཐབས་ཀྱི་ཁྲིམས་སྒྲིག་ཁག་མེད་པར་བཟོ་དགོས་པ་དང་། ཁྲིམས་འགལ་བཀག་བསྐྱིལ་དང་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ། བོད་རིགས་ས་ཁོངས་རང་སྐྱོང་གི་ལས་ཁུངས་ཁག་ཏུ་ཧམ་འཛུལ་བྱེད་ཐབས། ཆེད་དམིགས་ཀྱི་དོགས་ཟོན་མྱུལ་ཞིབ་སོགས་འཕྲལ་དུ་མཚམས་འཇོག་དགོས་པའི་རེ་བ་བཏོན་ཡོད་པ་རེད།
ཡང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། ད་ལམ་སྤྱི་ལོ་༢༠༡༩་ལོའི་བོད་ནང་གི་ཆབ་སྲིད་བཙོན་མའི་གྲངས་འབོར་དང་མིང་གཞུང་སྙན་ཐོའི་ནང་དམིགས་བཀར་བཏོན་མེད་པར། རིམ་པས་ཟུར་དུ་བོད་ནང་གི་ཆབ་སྲིད་བཙོན་པའི་ཐོག་སྙན་ཐོ་ཞིག་འདོན་རྒྱུའི་འགྲེལ་བརྗོད་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎