བསྟན་འཛིན་ཐར་པ་ལགས་སུ་ལོ་གཉིས་དང་ལོ་ཕྱེད་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

2022.08.02
བསྟན་འཛིན་ཐར་པ་ལགས་སུ་ལོ་གཉིས་དང་ལོ་ཕྱེད་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག བསྟན་འཛིན་ཐར་པ་ལགས་ཀྱི་པར་རིས། ཟླ་ཚེས་མི་གསལ།
མཐུན་སྦྱོར་པར་རིས།

ཕྱི་ལོ་ ༢༠༢༠ ལོའི་ཕྱི་ཟླ་ ༦ ནང་རྒྱ་ནག་གཞུང་གིས་རྒྱ་གར་དུ་དངུལ་བསྐུར་བའི་ཉེས་འཛུགས་འོག་འཛིན་བཟུང་བྱས་ཡོད་པ། བོད་མི་ཚོང་པ་བསྟན་འཛིན་ཐར་པ་ལགས་སུ་ལོ་གཉིས་དང་ཟླ་དྲུག་གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ན་ཡང་། ཁོང་ལ་གསང་བའི་ཁྲིམས་ར་ཚོགས་ཏེ་ཁྲིམས་ཐག་བཅད་པ་ལས་ཟླ་དུས་ག་འདྲ་ཞིག་ལ་ཁྲིམས་ཐག་བཅད་དང་། ནག་ཉེས་ག་རེ་གཡོག་ཡོད་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་གང་ཡང་མེད་པ་དང། ཁོང་གི་ནང་མི་ཚོར་ཁྲིམས་རྩོད་པ་ཞིག་གླ་རུ་བཅུག་ཡོད་པ་བཙན་བྱོལ་ནང་གནས་སྡོད་ཕ་ཡུལ་འབྲི་རུ་ནས་ཡིན་པ་དྲན་པ་ལགས་ནས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

རྒྱ་ནག་གཞུང་གིས་བསྟན་འཛིན་ཐར་པ་འཛིན་བཟུང་དང་འབྲེལ་ཁོང་གི་ཨ་ཞང་གི་བུ་མོ་ལྷ་མོ་ལགས་ནས་ཁོང་བརྒྱུད་དེ་རྒྱ་གར་ལ་དངུལ་བསྐུར་ཡོད་པའི་ཉེས་འཛུགས་འོག་འཛིན་བཟུང་གིས། ཕྱི་ལོ་ ༢༠༢༠ ལོའི་ཕྱི་ཟླ་ ༨ ནང་ཁོ་མོ་རྒྱ་ནག་ཉེན་རྟོག་པས་བཙོན་ཁང་དུ་མནར་གཅོད་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་ཡོད་པ་རེད་ལ། གོང་ཞུས་གནས་ཚུལ་མཁོ་སྤྲོད་པས་ད་ལྟའི་ཆར་བསྟན་འཛིན་ཐར་པ་ལགས་ཀྱི་འཕྲོད་བསྟེན་གནས་བབ་དང་བཙོན་ཁང་གང་དུ་ཡོད་སོགས་གསལ་ཁ་གང་ཡང་མེད་ན་ཡང་། ཁོང་གི་བཙོན་འཇུག་དུས་ཡུན་ཚང་རྒྱུར་ལོ་གཅིག་ཀྱང་མེད་པ་ཆགས་ཡོད་པ་བརྗོད་བྱུང་ལ། ཡང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་གནས་ཚུལ་ནང་ཁོང་འདི་ལོའི་ཕྱི་ཟླ་ ༡༢ ནང་བཙོན་འཇུག་དུས་ཡུན་ཚང་ཡོད་སྐོར་བཀོད་འདུག

དེ་སྔ་རྒྱ་ནག་གཞུང་གིས་བསྟན་འཛིན་ཐར་པ་ལགས་འཛིན་བཟུང་རྗེས་ཡུན་རིང་གར་ཡོད་ཤེས་རྟོག་མེད་པར་གྱུར་ཡོད་པ་དང་། རྗེས་སུ་ནག་ཆུའི་བཙོན་ཁང་ཞིག་ཏུ་ཁྲིམས་ཐག་མ་བཅད་པར་བཞག་ཡོད་པ་ཤེས་རྟོག་བྱུང་ཡོད་ཀྱང་། ལྷ་མོ་ལགས་རྒྱ་ནག་ཉེན་རྟོག་པས་བཙོན་ཁང་ནས་རྡུང་རྡེག་མནར་གཅོད་རྐྱེན་གྱིས་སྨན་ཁང་དུ་ནང་མི་ལྟ་ཏུ་བསླེབས་སྐབས། ཁོ་མོའིོ་གདོང་པ་ཡོངས་རྫོངས་སྐྲང་ཞིང་སྔོན་པོ་ཆགས་སྟེ་ཁ་གྲགས་མི་ཐུབ་པ་ཆགས་སྟེ། ཉིན་གཉིས་གསུམ་ཞིག་སྨན་ཁང་དུ་བསྡད་ཡོད་ཀྱང་མཐར་དྲག་སྐྱེད་མ་བྱུང་བར་སྨན་ཁང་དུ་འདས་གྲོངས་སུ་ཕྱིན་ཡོད་པ་རེད།

བསྟན་འཛིན་ཐར་པ་ནི་འབྲི་རུ་རྫོང་ཆགས་རྩེ་ཤང་ནས་ཡིན་ཞིང་། ཁོང་གིས་དེ་སྔ་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་དུ་སློབ་གཉེར་བྱས་ཏེ་འཚེ་བ་མེད་པ་དང་རྒྱང་འཛིན་ཞེས་པའི་དཔེ་དེབ་བརྩམས་ཡོད་པ་དང་། རྗེས་སུ་ཕ་ཡུལ་དུ་ལོག་སྟེ་ཆགས་རྩེ་ཡུལ་ཚོར་བོད་ཡིག་དང་རིག་གནས་གཙོ་བོར་གྱུར་བའི་སློབ་གྲྭ་ཞིག་བཙུགས་ཡོད་ན་ཡང་། རྒྱ་ནག་གཞུང་གིས་སློབ་གྲྭ་དེ་ཁྲིམས་མཐུན་མིན་ཚུལ་བཤད་དེ་སྒོ་བརྒྱབ་བཅུག་པ་མ་ཟད། བསྟན་འཛིན་ཐར་པའི་འགྲོ་འདུག་ལ་ལྟ་རྟོག་ནན་པོ་བྱེད་འགོ་ཚུགས་ཡོད་པ་ད་ང། ཕྱི་ལོ་༢༠༡༤་ཙམ་ནས་ཁོང་གིས་ཚོང་ལས་གཉེར་ཏེ་དབྱར་རྩྭ་དགུན་འབུ་དང་ས་ཁང་ཉོ་ཚོང་གི་ཚོང་ལས་གཉེར་ཡོདང་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། 
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་འདོན་ས་ཚིགས་གསར་རྒྱག་ཆེད་ཨ་ཚོགས་བདེ་ཆེན་ཆོས་འཁོར་གླིང་དང་སྡེ་བ་གཉིས་བཙན་གྱིས་གཏོར་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎