༸སྐུའི་ཆིབས་བསྒྱུར་ལ་རྒྱ་ནག་གིས་ཆབ་སྲིད་ཀྱི་ལྟ་ཕྱོཌ་བཟུང་བ།

རྒྱ་གཞུང་གིས་༸གོང་ས་མཆོག་གང་སར་ཆིབས་བསྒྱུར་སྐྱོང་གནང་མཛད་བཞིན་པ་དེར་ཐལ་དྲག་པའི་ཆབ་སྲིད་ཀྱི་ལྟ་ཕྱོགས་བཟུང་བཞིན་ཡོད་པ།
2009-10-31
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གཟའ་སྤེན་པའི་ཉིན་ཉི་ཧོང་གི་རྒྱལ་ས་ཀྲོག་ཡོའི་ནང་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་ཡོད་པ་དེའི་སྐབས་རྒྱ་ནག་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་ས་ཕྱོགས་གང་སར་ཆིབས་བསྒྱུར་སྐྱོང་གནང་མཛད་བཞིན་པ་དེར་ཐལ་དྲག་པའི་ཆབ་སྲིད་ཀྱི་ལྟ་ཕྱོགས་བཟུང་བཞིན་ཡོད་པ་བཀའ་གནང་འདུག

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གང་ཉིད་ཀྱི་ཆིབས་བསྒྱུར་ཁག་ནི་གཙོ་བོ་ཆོས་ཕྱོགས་རང་བཞིན་ཅན་ཞིག་ཡིན་པ་ལས་ཆབ་སྲིད་དང་འབྲེལ་བ་མེད་པ་བཀའ་གནང་པ་དང་སྦྲགས་ལྷག་པར་དུ་རྒྱ་ནག་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸རྒྱལ་བ་སྐུ་འཕྲེང་དྲུག་པ་རིག་འཛིན་ཚངས་དབྱངས་རྒྱ་མཚོའི་སྐུའི་འཁྲུངས་ཡུལ་མོན་རྟ་དབང་ཁུལ་དུ་རིང་མིན་ཆིབས་བསྒྱུར་སྐྱོང་གནང་མཛད་རྒྱུར་ངོ་རྒོལ་སྐྱོན་བརྗོད་ཤུགས་ཆེ་ཞུ་བཞིན་པ་དེ་ནི་བློ་ཕམ་གྱི་རང་བཞིན་ཞིག་ཡིན་པ་བཀའ་གནང་འདུག

ད་དུང་གསར་འགོད་ལྷན་ཚོགས་དེའི་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོ་བདེ་སྐྱིད་གོང་འཕེལ་གྱི་ངང་གནས་བཞིན་པ་བརྗོད་བཞིན་ཡོད་སྟབས་དངོས་ཡོད་གནས་ཚུལ་དེ་ལྟར་ཡིན་མིན་གསར་འགོད་པ་དང་དེ་མིན་དོན་གཉེར་ཅན་པའི་མི་ཚོ་བོད་ནང་བསྐྱོད་ཏེ་བརྟག་དཔྱད་བྱ་དགོས་སྐོར་ཡང་བཀའ་གནང་འདུག་ལ་རྒྱ་ནག་ནང་མང་གཙོ་དང་རང་དབང་མེད་པའི་རྐྱེན་གྱིས་རྒྱ་ནག་མི་དམངས་ལ་ཡང་དཀའ་ངལ་འཕྲད་བཞིན་ཡོད་པ་དང་ཕྱི་གསལ་ནང་གསལ་མེད་པའི་རྐྱེན་གྱིས་རྒྱ་ནག་གི་ཁྱིམ་མཚེས་ཡུལ་གྲུ་ཁག་ཀྱང་རྟག་ཏུ་དྭོགས་པའི་ནང་གནས་དགོས་པ་བཟོ་བཞིན་ཡོད་པ་བཀའ་གནང་ཡོད་པ་རེད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཟའ་པ་སངས་ཉིན་ཉི་ཧོང་དུ་ཞབས་སོར་འཁོད་གནང་མཛད་པ་དང་རྒྱལ་ས་ཀྲོག་ཡོ་གཙོས་ས་ཁུལ་ཁག་ཅིག་གི་ནང་མང་ཚོགས་ལ་བཀའ་སློབ་གསུང་བཤད་དང་དེ་མིན་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཁག་གཅིག་སྐྱོང་གནང་མཛད་རྒྱུ་ཡིན་པ་རེད།

གཟའ་སྤེན་པའི་གསར་འགོད་ལྷན་ཚོགས་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་གི་སྲིད་དབང་གཅིག་བསྡུད་ལམ་ལུགས་དེའི་འོག་གསར་འགོད་ཀྱི་རང་དབང་མེད་པ་དང་རྒྱ་ནག་གཞུང་འབྲེལ་གྱི་གསར་ཤོག་དང་དེ་མིན་གྱི་བརྒྱུད་ལམ་ཁག་ནི་གཞུང་གི་ཕྱོགས་གཅིག་པུའི་གནས་ཚུལ་དྲིལ་བསྒྲགས་བྱེད་པའི་ཡོ་བྱད་ཁོ་ནར་བེད་སྤྱོད་བྱེད་བཞིན་ཡོད་པ་བཀའ་གནང་ཞིང་དེ་དང་བསྡུར་ན་རྒྱ་གར་ནི་མང་གཙོ་ལམ་ལྷོངས་ལྡན་པའི་ཡུལ་གྲུ་ཞིག་ཡིན་པ་དང་འདས་པའི་ལོ་ཉིས་སྟོང་ལྷག་ཡུལ་གྲུ་དེའི་ནང་ཆོས་ལུགས་དང་ལྟ་བུ་མི་འདྲ་བའི་རྗེས་འབྲངས་ཚོ་ཞི་མཐུན་མཉམ་གནས་བྱེད་པའི་ལམ་ལུགས་བཟང་པོ་ཞིག་ཡོད་མུས་ཡིན་པ་བཀའ་གནང་ཡོད་པ་རེད༎

མཆན། (0)
Share
དྲ་གནས་ཆ་ཚང༌།