མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ལྷན་ཚོགས་ཐེངས་༤༤དེ་ཇི་ནི་ཝའི་ནང་ཚོགས་བཞིན་པའི་སྐབས་དེར་ཁ་སང་ཕྱི་ཚེས་༡༠ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ནས་བོད་ནང་རྒྱ་ནག་གིས་བོད་མིའི་ས་ཞིང་བཙན་དབང་གིས་ཉོ་ཚོང་བྱེད་དུ་བཅུག་ནས་བཙན་འཕྲོག་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གི་བྱ་སྤྱོད་དེ་ཚོར་སྐྱོན་བརྗོད་ཞུ་མཁན་ཨ་ཉ་སེང་སྒྲ་ལགས་ལྟ་བུར་རྒྱལ་ཁབ་ཁ་བྲལ་གཏོང་མཁན་གྱི་ནག་ཉེས་བཙུག་ནས་འཛིན་བཟུང་བཙོན་བཅུག་བྱས་ཡོད་པ་སོགས་སྙན་སེང་ཞུས་བཞག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱིས་བསྐོ་བཞག་གནང་བའི་སུས་སི་དོན་གཅོད་ལས་ཁང་གི་འགྲོ་བ་མིའི་ཐོབ་ཐང་ཐོག་ཕྱག་ལས་གནང་མཁན་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གྲོས་གཞི་ཚོང་འབྲེལ་དང་འགྲོ་བ་མིའི་ཐོབ་ཐང་། དེ་བཞིན་ལྐོག་ཟ་འགོག་ཐབས་ཞེས་པར་དགའ་བསུ་ཞུས་ཐོག བོད་ནང་ཉེན་རྟོག་པ་དང་། ཁྲིམས་ཞིབ་པ། དེ་བཞིན་ས་གནས་དཔོན་རིགས་སོགས་ནས་བོད་མིའི་ས་ཆ་ཚུལ་མིན་གྱི་ཐོག་ནས་ཧམ་ཟ་བྱ་ཚུལ་སྐོར་ངག་ཐོག་ནས་ཞིབ་གསལ་སྙན་སེང་ཞུས་བཞག
འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་སྔ་ལོ་ནང་ཆེན་རྫོང་གཅིག་པུའི་ནང་མི་མང་ཁྲིམས་ཁང་གིས་བོད་མི་༢༡དང་། དེ་སྔོན་བོད་མི་དགུ་བཅས་ཀྱིས་རང་གི་ས་ཆ་བཙན་འཕྲོག་བྱས་པར་ཞུ་གཏུགས་བྱས་པར་བརྟེན། ཁོང་ཚོར་ཁ་བྲལ་གྱི་མིང་རྟགས་ནས་ཉེས་པ་བཏང་ཡོད་པ་དང་། ལྷག་པར་དུ་འབྲོག་ས་ཁག་ཏུ་རྒྱ་ནག་གིས་བརྒྱུད་གཅིག་ལམ་གཅིག་གི་ལས་གཞི་དང་། དེ་བཞིན་ཡར་རྒྱས་གྱི་ལས་གཞིའི་མིང་ཐོག་འབྲོག་ས་དང་། རྩ་ཁ་བཙན་འཕྲོག་བྱེད་ཀྱི་ཡོད་པ་དང་། ཨ་ཉ་སེང་སྒྲ་ལགས་ཀྱི་གནད་དོན་ནི་ རྒྱ་ནག་གི་ཉེན་རྟོག་པ་དང་། དམག་མི། ཁྲིམས་དཔོན། དེ་བཞིན་དཔོན་རིགས་ཚོས་ཚོང་འབྲེལ་དང་འགྲོ་བ་མིའི་ཐོབ་ཐང་སོགས་ག་རེ་གནང་གི་ཡོད་མེད་ཀྱི་དཔེ་མཚོན་ཚད་ལྡན་ཞིག་རེད་ཅེས་གསུངས་བཞག
ཨ་ཉ་སེང་སྒྲ་ལགས་ནི་བོད་པའི་འབྲོག་པ་ཞིག་ཡིན་པ་དང་། ཁོང་གི་ས་ཞིང་རྒྱ་གཞུང་གི་དཔོན་རིགས་ཚོས་ཁྲིམས་འགལ་ཐོག་ནས་བཙན་འཕྲོག་བྱས་པར་ཁོང་གིས་ཞུ་གཏུགས་བྱས་པར་བརྟེན། ཁོང་འཛིན་བཟུང་བཙོན་བཅུག་དང་། ཁོང་ལ་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་རྗེས་ལོ་བདུན་གྱི་ལོ་དུས་ཁྲིམས་ཐག་བཅད་རྗེས་ཉེ་ཆར་ཁོང་གི་ཁྲིམས་རྩོད་པས་རྒྱ་ནག་གི་ཁྲིམས་ཁང་ལ་ཞུ་གཏུགས་ཐེངས་གཉིས་པ་བྱས་ཡོད་ཀྱང་ཁྲིམས་ཁང་གིས་བདག་སྤྲོད་བྱས་མེད་པ་རེད།།