ཨོསི་ཊརེ་ལི་ཡའི་བྷི་རིསུ་བྷེན་གྲོང་སྡེའི་ཆེས་མཐོའི་འཛིན་སྐྱོང་ལྷན་ཚོགས་ཐོག་བོད་དོན་གཏམ་བཤད་གནང་།

2022-05-11
Share
ཨོསི་ཊརེ་ལི་ཡའི་བྷི་རིསུ་བྷེན་གྲོང་སྡེའི་ཆེས་མཐོའི་འཛིན་སྐྱོང་ལྷན་ཚོགས་ཐོག་བོད་དོན་གཏམ་བཤད་གནང་། བོད་མི་མང་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་ཨོསི་ཊརེ་ལི་ཡའི་བྷི་རིསུ་བྷེན་གྲོང་སྡེའི་ཆེས་མཐོའི་འཛིན་སྐྱོང་ལྷན་ཚོགས་ཐོག་བོད་དོན་གཏམ་བཤད་གནང་སྐབས། ༠༥།༡༠།༢༠༢༢
@Brisbane city council

འདི་ཚེས་༡༠ཉིན་ཨོསི་ཊརེ་ལི་ཡའི་མངའ་སྡེའི་ཁུན་སི་ལན་ཌིར་གནས་སྡོད་བོད་མི་མང་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་ཨོསི་ཊརེ་ལི་ཡའི་(Brisbane city council meeting)་བྷི་རིསུ་བྷེན་གྲོང་སྡེའི་ཆེས་མཐོའི་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་འདུའི་ཐོག་བོད་དོན་གཏམ་བཤད་གནང་ཡོད་པ་དང་། དེ་ནི་བོད་མི་ཞིག་ལ་དེ་ལྟ་བུའི་གོ་སྐབས་ཐོབ་པ་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་པ་དང་། ཁོང་གིས་དུས་ཡུན་སྐར་མ་ལྔའི་རིང་ཨོསི་ཊརེ་ལི་ཡའི་ནང་གི་བོད་མིའི་འཚོ་བའི་གནས་སྟངས་སྤྱི་དང་། ལྷག་པར་དུ་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་སྐོར་གཏམ་བཤད་གནང་རྒྱུའི་གོ་སྐབས་བྱུང་ཡོད་པ་བོད་མི་མང་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་བྱུང་།
ཁོང་གིས་གསུང་ན། ཚོགས་འདུའི་ཐོག་གཙོ་བོ་ཨོསི་ཊརེ་ལི་ཡའི་ནང་གི་བོད་མི་སྐྱབས་བཅོལ་བ་རྣམས་ཕལ་ཆེ་བ་རྒྱ་ནག་གཞུང་གི་སྡུག་རྩུབ་ཅན་གྱི་སྲིད་བྱུས་འོག་དཀའ་སྡུག་མྱངས་མྱོང་བའི་ཆབ་སྲིད་བཙོན་ཟུར་དང་། དེ་དང་འབྲེལ་བ་ཡོད་པ་ཤ་སྟག་ཆགས་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་ཡོད་པ་མ་ཟད། ཨོསི་ཊརེ་ལི་ཡའི་གཞུང་དམངས་གཉིས་ནས་བོད་མིར་རྒྱབ་སྐྱོར་དང་མཐུན་འགྱུར་རོགས་རམ་གང་ཡོང་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད་འདུག
ཁོང་གིས་གཏམ་བཤད་གནང་རྗེས་དབུས་(Brisbane)་ལྷན་ཚོགས་ཀྱི་འཐུས་མི་ལྕམ་(Vicki Howard)་ཝི་ཀི་ཧ་ཝརཌ་ལགས་ཀྱིས། བོད་དོན་གཏམ་བཤད་ལ་བསྔགས་བརྗོད་དང་སྦྲགས་ཁོང་ནས་བོད་མི་སྐྱབས་བཅོལ་བ་རྣམས་ས་གནས་འདིར་སླེབས་ནས་ཁོང་ཚོར་བོད་པའི་རིག་གཞུང་དང་བོད་པའི་གནས་སྟངས་སོགས་རྒྱུས་མངའ་ཡོང་རྒྱུར་ཕན་ཐོགས་ཆེན་པོ་བྱུང་ཡོད་སྐོར་གསུངས་ཡོད་པ་རེད་འདུག
སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་ཀྱི་གསུངས་ན། (Brisbane)་གྲོང་སྡེའི་ཆེས་མཐོའི་འཛིན་སྐྱོང་ལྷན་ཚོགས་ནང་འཐུས་མི་གྲངས་༢༦ཡོད་པའི་ནང་། བོད་མི་དང་ཐད་ཀར་འབྲེལ་བ་ཡོད་པ་འཐུས་མི་གཉིས་ལས་མེད་པ་དང་། གྲོང་སྡེའི་ཆེས་མཐོའི་འཛིན་སྐྱོང་ལྷན་ཚོགས་ནང་བོད་དོན་སྐོར་ངོ་སྤྲོད་རྒྱ་ཆེ་ཙམ་ཡོང་བའི་ཆེད་དུ། ཁོང་གིས་གྲོང་སྡེའི་ཆེས་མཐོའི་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་འདུའི་ཐོག་བོད་དོན་གཏམ་བཤད་གནང་རྒྱུའི་ཆེད་དུ་ཐེངས་མང་ཐབས་ཤེས་གནང་རྗེས་མཐར་གོ་སྐབས་དེ་ཐོབ་པ་ཞིག་རེད་འདུག
ཨོསི་ཊརེ་ལི་ཡའི་(Brisbane)་བྷི་རིསུ་བྷེན་གྲོང་ཁྱེར་དེ་བཞིན་མི་འབོར་གྱི་ཆ་ནས་ཨོསི་ཊརེ་ལི་ཡའི་ནང་གི་གྲོང་ཁྱེར་ཆེ་ཤོས་གསུམ་པ་དེ་ཆགས་ཀྱི་ཡོད་པ་མ་ཟད། ཨོསི་ཊརེ་ལི་ཡའི་ནང་གི་མངའ་སྡེ་ཆེ་ཁག་མང་པོ་ཡོད་པའི་ནང་ནས་མངའ་སྡེ་ཁུན་སི་ལན་ཌིར་གྱི་རྒྱལ་ས་དེ་ཆགས་ཀྱི་ཡོད་འདུག བྷི་རིསུ་བྷེན་གྲོང་ཁྱེར་དེ་བཞིན་ཨོསི་ཊརེ་ལི་ཡའི་ནང་གི་གྲོང་སྡེའི་ཆེས་མཐོའི་འཛིན་སྐྱོང་ལྷན་ཚོགས་ཆེ་ཤོས་ཞིག་ཆགས་ཀྱི་ཡོད་པ་རེད་འདུག།

གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།