ཉིང་ཁྲིའི་གངས་རུད་ཁྲོད་མི་གྲོངས་ཚད་བརྒྱད་ནས་ཉི་ཤུ་བར་ཇེ་མང་དུ་སོང་འདུག

2023.01.20
Share on WhatsApp
Share on WhatsApp
ཉིང་ཁྲིའི་གངས་རུད་ཁྲོད་མི་གྲོངས་ཚད་བརྒྱད་ནས་ཉི་ཤུ་བར་ཇེ་མང་དུ་སོང་འདུག ཉིང་ཁྲིའི་གངས་རུད་བྱུང་ཡུལ།
Chinese State Media

བོད་ཀྱི་ཉིང་ཁྲི་ཕྱོགས་སུ་ཡོད་པའི་མགྱོགས་ལམ་ཞིག་གི་ཕུག་ལམ་གྱི་ཁར་གངས་རུད་བྱུང་བ་དེས། མགྱོགས་ལམ་དེའི་ཐོག་བསྐྱོད་མཁན་རླངས་འཁོར་ཁག་ཅིག་གངས་འོག་མནན་ནས་ད་དུང་མུ་མཐུད་དུ་མྱུར་སྐྱོབ་ལས་དོན་སྤེལ་བཞིན་པ་དང་། ད་ཆ་མི་ཤི་བའི་གྲངས་འབོར་ཇེ་མང་དུ་སོང་ནས་བསྡོམས་པས་མི་༢༠གྲོངས་ཡོད་པའི་ཁར་ད་དུང་མི་བརྒྱད་གར་སོང་ཆ་མེད་དུ་གྱུར་ཡོད་པ་རྒྱ་གཞུང་གིས་གཟའ་པ་སངས་ཉིན་གནས་ཚུལ་སྤེལ་འདུག
རྒྱ་ནག་གཞུང་འབྲེལ་གསར་ལམ་དུ་དོན་རྐྱེན་བྱུང་ས་ནས་འདིའི་སྐོར་ཀྱི་བརྙན་པར་བརྒྱབ་པའི་ནང་བལྟས་ན། བོད་རང་སྐྱོང་ལྗོངས་ཟེར་བའི་སྨན་གླིང་རྫོང་ནས་ཉིང་ཁྲི་གྲོང་ཁྱེར་ལ་བསྐྱོད་སའི་མགྱོགས་ལམ་དེའི་ཕུག་ལམ་གྱི་ཁར་གངས་རུད་བརྒྱབ་པ་ཤུགས་ཆེ་བ་དང་། གཏིང་ཚད་རྨི་ཁྲི་གསུམ་ཙམ་ཅན་གྱི་ས་དོང་དྲུག་བདུན་ཡོད་པ་མཐོང་རྒྱུ་ཡོད་པ་རེད། མགྱོགས་ལམ་དེའི་སྟེང་བསྐྱོད་མཁན་མི་མང་པོ་ཞིག་རྒྱ་ནག་གི་དཔྱིད་གསར་ལོ་གསར་རོལ་ཆེད་སོ་སོའི་ནང་དུ་ལོག་མཁན་དག་ཡིན་འདུག
རྒྱ་ནག་གཞུང་གིས་མྱུར་སྐྱོབ་མི་སྣ་གཅིག་སྟོང་ཙམ་དང་། དེ་བཞིན་མྱུར་སྐྱོབ་ཛ་དྲག་རླངས་འཁོར་བཅུ་གྲངས་ཙམ། གཞན་ཡང་རྒྱ་ནག་དབུས་ཀྱི་ཛ་དྲག་འཛིན་སྐྱོང་ལྷན་ཁང་ནས་རུ་ཁག་ཅིག་རོགས་རམ་ལ་མངགས་གཏོང་གིས་མྱུར་སྐྱོབ་ལས་དོན་ལ་ཤུགས་གནོན་བརྒྱབ་བཞིན་ཡོད་པ་རྒྱ་གཞུང་ཕྱོགས་ནས་བརྗོད་ཀྱི་ཡོད་པ་རེད།
ད་ལྟའི་ཆར་གོད་ཆག་དེའི་ཁྲོད་རྐྱེན་ལམ་དུ་ཕྱིན་པའི་མི་༢༠བྱུང་བའི་ཁྲོད་བོད་པ་ག་ཚོད་ཡོད་མེད་སོགས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པ་རེད།
བོད་ཀྱི་ཉིང་ཁྲི་ནི་རྒྱ་མཚོ་ངོས་ནས་མཐོ་ཚད་རྨི་ཁྲི་༣༠༤༠་ཙམ་ལ་ཡོད་པའི་ས་ཐོག་ཏུ་ཆགས་ཡོད་པ་དང་། རྒྱལ་ས་ལྷ་ས་ནས་༢༠༡༨ལོ་སྒོ་ཕྱེ་པའི་མགྱོགས་ལམ་དེ་བརྒྱུད་ན་ཆུ་ཚོད་ལྔ་ཙམ་མ་གཏོགས་འགྲོ་དགོས་རྒྱུ་མེད་པ་རེད། དགུན་ཁའི་དུས་སུ་མཚན་མོའི་གནམ་གཤིས་དྲོད་ཚད་ནི་འཆར་ཅན་མར་ཟག་ནས་ཧ་ཅང་གྲང་མོ་ཆགས་ཀྱི་ཡོད་པ་རེད།
གཞན་དེ་སྔ་༢༠༡༦ལོར་མངའ་རིས་རུ་ཐོག་རྫོང་དུ་གངས་རུད་རིམ་པ་གཉིས་བསྟུད་མར་བྱུང་སྟེ། ས་གནས་ཀྱི་འབྲོག་པ་མི་༩རྐྱེན་འདས་སུ་ཕྱིན་ཡོད།
བོད་ནང་རྒྱུན་ལྡན་མ་ཡིན་པའི་གངས་རུད་བྱུང་གི་ཡོད་པ་དེས་སའི་གོ་ལའི་ཚ་དྲོད་རྒྱས་བཞིན་པ་དང་འབྲེལ་བ་ཡོད་སྲིད་པར་ཡང་ཆེད་མཁས་པས་ངོས་འཛིན་གནང་གི་ཡོད་པ་རེད།


གསར་འགོད་པ། གུ་རུ་ཆོས་སྐྱིད།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱི་མངའ་སྡེའི་དཔོན་རིགས་ཚོར་བོད་མིའི་དཀའ་ངལ་སྐོར་སྙན་སེང་ཞུས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་གིས་དབྱིན་ཡུལ་གྱི་(Oxford Union)་གླེང་སྟེགས་ཐོག་བོད་དོན་གཏམ་བཤད་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎