བོད་ཀྱི་ལོ་སར་སླེབས་ལ་ཉེ་བས་རྒྱ་ནག་གཞུང་གིས་བོད་ནང་དམ་དྲག་བྱེད་ཀྱི་འདུག་ཟེར།

2021.01.29
བོད་ཀྱི་ལོ་སར་སླེབས་ལ་ཉེ་བས་རྒྱ་ནག་གཞུང་གིས་བོད་ནང་དམ་དྲག་བྱེད་ཀྱི་འདུག་ཟེར། མཚོ་སྔོན་ཞིང་ཆེན་མགོ་ལོག་པདྨ་རྫོང་ཐོག ༣།༢༠༡༢
AFP

བོད་ཀྱི་ལོ་སར་སླེབས་ལ་ཉེ་བའི་སྐབས་སུ་སྤྱི་ཚོགས་བདེ་འཇགས་ལ་ཁ་གཡར་ནས་རྒྱ་ནག་གཞུང་གིས་མདོ་སྨད་མགོ་ལོག་ཕྱོགས་སུ་དམ་དྲག་ཤུགས་ཆེར་བྱེད་བཞིན་འདུག
རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་དྲ་རྒྱར་འཁོད་པའི་གནས་ཚུལ་ནས་ཤེས་རྟོགས་ཐུབ་པ་ཞིག་ནི། བོད་ཀྱི་ལོ་སར་སླེབས་ལ་ཉེ་བའི་སྐབས་འདིར། རྒྱ་ནག་གི་ཉེན་རྟོག་པ་ཚོས་སྤྱི་ཚོགས་བདེ་འཇགས་དང་གཙང་བཤེར་སོགས་ཀྱིས་ཆེད། མཚོ་སྔོན་ཞིང་ཆེན་གྱི་མངའ་ཁོངས་སུ་ཆ་བགོས་བྱས་པ། མདོ་སྨད་མགོ་ལོག་ཁུལ་གྱི་རྫོང་ཁག་ཡོངས་རྫོགས་ལ་དམ་དྲག་བྱེད་བཞིནཔ་དེ་ཡིན་ཞིང་། ས་གནས་ཀྱི་གནས་ཚུལ་རྒྱུས་ལོན་བྱུང་བ་བཙན་བྱོལ་ནང་ཡོད་པའི་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླང་འཕྲིན་ཁང་ལ། རྨ་སྟོད་རྫོང་དང་མགོ་ལོག་ཁུལ་གྱི་ལྟེ་གནས་རྟ་བོ་ས་གནས་བཅས་སུ། ཟ་ཁང་དང་མགྲོན་ཁང་། དྲ་རྒྱ་ཁང་དང་རྩེད་མོ་ཁང་སོགས་མཐོང་ཚད་ནང་། ཉེན་རྟོག་པས་ཞིབ་བཤེར་དང་བོད་མི་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་ལྟ་རྟོག་བྱེད་བཞིན་འདུག་ལ། མཚན་མོ་ཆུ་ཚོད་བཅུ་པ་ཙམ་ནས་ཁྲོམ་སྲང་དུ་འགྲོ་བསྐྱོད་མི་ཆོག་པ་དང་། གལ་ཏེ་བོད་མི་གང་བྱུང་མཚན་མོ་ཁྲོམ་སྲང་དུ་འགྲོ་བསྐྱོད་བྱས་པ་མཐོང་ཚེ། རྒྱ་ནག་ཉེན་རྟོག་པས་འཛིན་བཟུང་དང་རྡུང་རྡེག་གཏོང་གི་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ཡང་གནས་ཚུལ་ངོ་སྤྲོད་པས་གསུངས་ན། ས་གནས་དེ་ཚོའི་ནང་གི་བོད་མིའི་འགྲོ་འདུག་ལ་དམ་དྲག་དང་། བོད་རིགས་མི་རེ་ངོ་རེའི་ཐོབ་ཐང་ལག་ཁྱེར་ལ་ཞིབ་བཤེར་ནན་པོ་བྱེད་བཞིན་པ་སོགས་ནི་དངོས་ཡོད་གནས་ཚུལ་ཡིན་པ་འགྲེལ་བརྗོད་གནང་གི་འདུག
དེ་བཞིན་ཡོ་རོབ་ཡུལ་གྲུ་སུད་སིར་གནས་བཞུགས་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས། མགོ་ལོག་རྨ་སྟོད་རྫོང་ནི་ས་གནས་གཞན་མང་པོ་ཞིག་གི་ནང་། རྒྱ་ནག་གཞུང་གི་དྲག་པོའི་དམག་དཔུང་དང་ཉེན་རྟོག་པ་སོགས་ཕར་ཚུར་འགྲུལ་བཞུད་ཀྱི་ལམ་ཁ་ཞིག་འཁེལ་གྱི་ཡོད་སྟབས། དམག་མི་དང་ཉེན་རྟོག་པ་མང་པོ་ས་གནས་དེར་འཛོམས་ཀྱི་ཡོད་པའང་འགྲེལ་བརྗོད་གནང་གི་འདུག

རྒྱ་ནག་གཞུང་གིས་ནམ་རྒྱུན་ནས་བོད་མི་མང་པོ་འདུ་འཛོམས་བྱེད་རྒྱུར་དམ་དྲག་བྱེད་བཞིན་ཡོད་ཅིང་། དཔེར་ན་བོད་ཀྱི་རྒྱལ་ས་ལྷ་སའི་ནང་སྔ་ལོའི་ཞོ་སྟོན་སོགས་དུས་ཆེན་སྐབས་བོད་མིའི་ཐོག་དམ་དྲག་བྱས་པ་ལྟར། ད་ཆ་མདོ་སྨད་ཁུལ་དུ་སྨོན་ལམ་དང་ལོ་སར་སླེབས་ལ་ཉེ་བའི་སྐབས་ནས་བཟུང་། མདོ་སྨད་ཀྱི་ས་གནས་ཆེ་ཁག་སྐུ་འབུམ་དགོན་པ་དང་བླ་བྲང་དགོན་པ། རེབ་ཀོང་རོང་པོ་དགོན་ཆེན་དང་། རྔ་བ་ཀིརྟི་དགོན་པ་བཅས་སུ་དམིགས་བསལ་གྱི་དམ་དྲག་བྱེད་ཤུགས་ཆེ་རུ་གཏོང་བཞིན་པའི་རྣམ་པ་མངོན་རྒྱུ་ཡོད་ཅིང་། འདི་ལྟར་དམ་དྲག་བྱེད་སྲོལ་འདི་ནི། སྤྱི་ལོ་༢༠༠༨ལོའི་ཞི་རྒོལ་བྱུང་བ་ནས་འགོ་བཙུགས་ཏེ་མུ་འཐུད་ལག་བསྟར་བྱེད་བཞིན་པ་དང་། ད་ཐེངས་མགོ་ལོག་ཁུལ་སྤྱི་བདེ་ལས་ཁང་གིས་གཅིག་གྱུར་བཀོད་སྒྲིག་འོག རྫོང་ཁག་སོ་སོས་ཧུར་ཐག་མཉམ་འབྲེལ་སྒོ་ནས་ཁུལ་ཡོངས་ཀྱི་མངའ་ཁོངས་སུ་བདེ་སྲུང་གནད་དོན་གཅིག་བསྡུས་གཙང་སེལ་བྱེད་པའི་བྱ་འགུལ་སྤེལ་ཏེ་བྱ་བར་གྲུབ་འབྲས་བླངས་ཡོད་པ་སོགས།རྒྱ་ནག་གཞུང་གིས་གསར་ལམ་ཁག་ནང་བཀོད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་གིས་རྒྱུན་གྲོན་མ་དངུལ་མཚམས་འཇོག་བྱས་རྐྱེན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ལས་བྱེད་མང་ཆེ་བ་གནས་སྐབས་ཕོགས་མེད་ལས་མཚམས་འཇོག་དགོས་བྱུང་ཡོད།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱལ་སྤྱིའི་གསར་འགྱུར་རང་དབང་རྩོད་ལེན་ཚོགས་སྡེ་ཁག་གིས་ཨ་རིའི་གཞུང་འཛིན་གསར་པས་ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་མེད་པར་བཟོ་རྒྱུའི་ཐག་གཅོད་ལ་སྐྱོན་བརྗོད་དང་རྒྱ་ནག་གི་གསར་ལམ་ནང་དགའ་བསུ་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎