ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བློན་གསར་པས་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སུ་ཐུགས་རྗེ་ཆེ་ཞུས་འདུག

2022.01.26
ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བློན་གསར་པས་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སུ་ཐུགས་རྗེ་ཆེ་ཞུས་འདུག སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་ཅེཀ་སྤྱི་མཐུན་རྒྱལ་ཁབ་(Czech)་ཀྱི་སྲིད་བློན་གསར་པ་(Petr Fiala)་ལགས་ཀྱི་པར་མཉམ་སྦྱར།
tibet.net

དེ་ཡང་ཉེ་ལམ་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་(Czech)་ཀྱི་སྲིད་བློན་གསར་པ་(Petr Fiala)་ལགས་སུ་བཀྲིས་བདེ་ལེགས་ཀྱི་འཚམས་འདྲིའི་ཕྱག་བྲིས་ཕུལ་བར། འདི་ཚེས་༡༩་ཉིན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བློན་གསར་པས་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སུ་ཐུགས་རྗེ་ཆེ་ཞུ་བའི་ཕྱག་བྲིས་ཕུལ་འདུག

The-letter-of-the-Chief-of-the-Section-of-the-Office-of-the-Prime-Minister.png
ཕྱག་བྲིས་ནང་སྲིད་བློན་མཆོག་གིས། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ང་ཚོའི་སྲིད་འཛིན་ཟུར་པ་སྐུ་ཞབས་(Vaclav Havel)་རྣམགཉིས་ཀྱི་ཐུགས་ཉེ་བའི་མཛའ་གྲོགས་ཀྱི་འབྲེལ་ལམ་དེའི་ཐོག་ནས་བོད་མི་དང་ང་ཚོའི་མི་དམངས་བར་གྱི་འབྲེལ་ལམ་དེ་རིན་ཐང་ཆེན་པོར་ངོས་འཛིན་གནང་བར་ཐུགས་རྗེ་ཆེ། ང་ཚོའི་གཞུང་གི་ཕྱོགས་ནས་ཀྱང་རང་དབང་དང་དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་། ཁྲིམས་ལུགས་རང་དབང་གི་རིན་ཐང་གོང་སྤེལ་གནང་མཁན་དབུ་ཁྲིད་གཉིས་ཀྱི་མཛད་རྗེས་རྗེས་ཤུལ་ལག་བསྟར་གནང་རྒྱུར་བློ་སྤོབས་ཡོད་ལ། རྩ་དོན་དེའི་ཐོག་ད་ལྟའི་གཞུང་གསར་པའི་ངོས་ནས་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་ནང་གི་དམངས་གཙོའི་རྒྱལ་ཁབ་ཁག་དང་མཉམ་ལས་ཀྱི་ལས་དོན་སྔར་བས་གཏིང་ཟབ་ཏུ་གཏོང་རྒྱུ་ཡིན་པ་བཀོད་འདུག
ད་དུང་སྲིད་སྐྱོང་མཆོག་གི་འཚམས་འདྲིའི་ཕྱག་བྲིས་ནང་གསལ། ང་ཚོའི་ཅེཀ་སྤྱི་མཐུན་རྒྱལ་ཁབ་དེ་ནི་རང་དབང་གི་ཕྱོགས་སུ་མདུན་བསྐྱོད་བྱེད་པའི་ཕྱག་ལས་ལ་བོད་མི་ཚོར་སེམས་འགུལ་ཐེབས་གཞིར་གྱུར་ཡོད་པའི་སྐོར་གསུངས་འདུག་པ་ལྟར། ང་ཚོས་ཀྱང་དེར་སྤོབས་པ་བྱེད་བཞིན་ཡོད་པ་དང་། ལྷག་དོན་རང་དབང་གི་ཆེད་དུ་འཐབ་རྩོད་ནི་དུས་ཡུན་རིང་པོ་དང་དཀའ་ཚེགས་ཅན་ཞིག་ཡིན་པ་ང་ཚོས་ཤེས་རྟོགས་ཡོད་པ་ལྟར་། ཞི་བའི་ཐོག་ནས་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་འདོད་ཡོད་མཁན་གྱི་མི་དམངས་ཚོར་ང་ཚོའི་རྒྱལ་ཁབ་ཀྱིས་མུ་མཐུད་དུ་སེམས་འགུལ་ཐེབས་སུ་འཇུག་གི་ཡིན་ཞེས་བྲིས་གནང་ཡོད་འདུག

གསར་འགོད་པ། ཉི་མ་གཡུ་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎