ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་མི་ཁག་ཅིག་ནས་བོད་ཀྱི་ཁོར་ཡུག་གི་གནས་སྟངས་སྐོར་གླེང་ཡོད་པ།

2021.09.20
Share on WhatsApp
Share on WhatsApp
ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་མི་ཁག་ཅིག་ནས་བོད་ཀྱི་ཁོར་ཡུག་གི་གནས་སྟངས་སྐོར་གླེང་ཡོད་པ། སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་དང་ཁོར་ཡུག་ཚན་པའི་འགན་འཛིན་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་།
TPI

ཟླ་བ་འདིའི་ཚེས་༡༩ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཚན་པའི་ངོས་ནས་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་མི་ཁག་ཅིག་དང་ལྷན་དུ་དྲ་ལམ་བརྒྱུད་ད་ལྟའི་བོད་ཀྱི་ཁོར་ཡུག་གི་གནས་སྟངས་སྐོར་དང་། དེ་དག་སྲུང་སྐྱོབ་དང་འབྲེལ་བའི་བགྲོ་གླེང་གནང་འདུག་ཅིང་། སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་དང་ཁོར་ཡུག་ཚན་པའི་འགན་འཛིན་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ད་རེས་ཀྱི་བགྲོ་གླེང་འདིའི་ནང་གཙོ་བོ། ཨ་རིའི་གཞུང་ཕྱོགས་ནས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐད་ག་རེ་གནང་ཐུབ་མིན་སྐོར་གྲོས་བསྡུར་གནང་ཞིང་།
ལྷག་པར་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་འབོད་སྐུལ་དོན་ཚན་ལྔའི་ཐོག་བགྲོ་གླེང་གནང་ཡོད་པ་འགྲེལ་བརྗོད་གནང་སོང་། འབོད་སྐུལ་དོན་ཚན་ལྔ་སྟེ། བོད་མཐོ་སྒང་གི་ཁོར་ཡུག་དེ་གལ་ཆེ་ཡིན་པ་ངོས་འཛིན་གྱིས་ཁོར་ཡུག་དང་འབྲེལ་བའི་རྒྱལ་སྤྱིའི་ཚོགས་འདུ་ཁག་ནང་བོད་ཀྱི་ཁོར་ཡུག་དེ་གཙོ་དོན་འཛིན་དགོས་པ་དང་གཅིག བོད་མཐོ་སྒང་གི་ཁོར་ཡུག་གི་གལ་གནད་ཐད་འཛམ་གླིང་གི་ཚན་རིག་པ་ཚོས་མཉམ་རུབ་ཀྱིས་ཉམས་ཞིབ་དགོས་གལ་ཆེ་བ་དང་། ལོ་ངོ་སྟོང་ཕྲག་རིང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་འབྲོག་པ་ཚོའི་འཚོ་བའི་གནས་སྟངས་ལ་དོ་ཕོག་མེད་པར་ཁོང་ཚོའི་ཡུལ་སྲོལ་གོམས་གཤིས་མུ་མཐུད་གནས་པའི་སྒོ་ནས་ཁོར་ཡུག་སྲུང་སྐྱོབ་དགོས་པ། རྒྱ་ནག་གཞུང་གིས་གྲོང་ཁྱེར་འཛུགས་སྐྲུན་དང་ཡུལ་སྐོར་སྤྲོ་འཆམ་མིང་ཐོག་ནས་བོད་མཐོ་སྒང་གི་ཁོར་ཡུག་ལ་གཏོར་བཤིག་ཚབ་ཆེན་འགྲོ་བཞིན་ཡོད་པ་དེ་དག་མཚམས་འཇོག་དགོས་པ་མ་ཟད། འཛུགས་བསྐྲུན་ཡར་རྒྱས་དེ་དག་བོད་མིའི་མངོན་འདོད་དང་ཁེ་ཕན་སོགས་དང་མཐུན་པ་དགོས་གལ་ཆེ། དེ་བཞིན་དོན་ཚན་ལྔ་པ་སྟེ། ཁོར་ཡུག་དང་གནམ་གཤིས་འགྱུར་ལྡོག་ཟེར་བ་དེ་རྒྱལ་མཚམས་དབྱེ་བ་མེད་པས། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་དེ་བོད་དང་རྒྱ་ནག་གཅིག་པུ་མིན་པར་རྒྱལ་སྤྱིའི་ཁྱོན་ཡོངས་ཀྱི་མཉམ་རུབ་ཀྱི་ཐོག་ནས་དེ་སྲུང་སྐྱོབ་དགོས་པ་བཅས་ཡིན་འདུག
ད་རེས་བགྲོ་གླེང་འདིའི་ཐོག་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་མི་གཙོ་བོ་ལྔ་མཉམ་ཞུགས་གནང་ཡོད་པ་དེ་དག་གི་མཚན་ད་ལྟ་གནས་སྐབས་རིང་ཞུ་རྒྱུ་མིན་ཞེས་བསྟན་པ་རྒྱལ་མཚན་ལགས་ཀྱིས་ངོ་སྤྲོད་གནང་ཤིང་། ཚོགས་མི་དེ་དག་གི་ངོས་ནས་བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་འབོད་སྐུལ་དེ་དག་ལ་ཐུགས་འཁུར་དང་གཟིགས་ཞིབ་གནང་རྒྱུ་ཡིན་པ་བརྗོད་འདུག་པ་དང་། འདི་ཚེས་༢༡་ཉིན་ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་ནས་གྲོས་ཚོགས་ནང་བོད་ཀྱི་ཁོར་ཡུག་ཐོག་དྲི་བ་དང་གོ་བསྡུར་གནང་ཕྱོགས་ཐད་ད་ཡོད་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་མི་དེ་དག་གིས་ནུས་ཤུགས་ལ་རག་ལས་ཡོད་པས་ཁོང་རྣམས་ལྷན་དུ་བགྲོ་གླེང་བྱེད་རྒྱུ་ཧ་ཅང་གི་གལ་ཆེ་ཆགས་ཡོད་པ་འགྲེལ་བརྗོད་གནང་སོང་།
ཡང་དེ་སྔོན་རྒྱ་ནག་གི་ཚན་རིག་ཞིབ་འཇུག་ལྟེ་གནས་ཁང་གིས་གནས་ཚུལ་འདོན་སྤེལ་གནང་བར་གཞིགས་ན། བོད་མཚོ་སྔོན་ཁུལ་གྱི་མདོ་ལ་རི་རྒྱུད་སྤྱི་ཡོངས་ཀྱི་གནས་སྟངས་ནི། སྤྱི་ལོ་༡༩༩༠ནས་༢༠༡༠བར་འཁྱགས་རོམ་བཞུར་ཚད་བརྒྱ་ཆ་༥༠མང་དུ་སོང་ཡོད་པ་གསལ་སྟོན་བྱས་འདུག
གཞི་རྩའི་ཆ་ནས་ཨ་རི་གཞུང་ཕྱོགས་ནས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཐད་ད་བར་རྒྱབ་སྐྱོར་གནང་མུས་དང་། དེ་སྔོན་སྤྱི་ལོ་༢༠༢༠ལོར་གཏན་འབེབས་གནང་བའི་ཨ་རིའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་ཡིག་གི་དོན་ཚན་དྲུག་པ་སྟེ་ཨ་རིའི་ཕྱི་སྲིད་ལས་ཁང་གིས་རྒྱལ་ཁབ་གཞན་དང་མཉམ་དུ་བོད་ཀྱི་ཁོར་ཡུག་དང་རང་བྱུང་སྐྱེ་དངོས་སོགས་ལ་སྲུང་སྐྱོབ་ཀྱི་ལས་དོན་སྤེལ་རྒྱུ་ཡིན་པ་གསལ་ཡོད་པ་རེད།

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་གིས་རྒྱ་ནག་གི་བྱ་སྤྱོད་ལ་ཡིད་གཟབ་གནང་དགོས་བ་ཉི་ཧོང་དུ་གསུངས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎