རྒྱ་ནག་གི་བདེ་སྲུང་བློན་ཆེན་གྱི་འཚམས་གཟིགས་སྐབས་བོད་ཀྱི་རྒྱལ་དར་སྒྲེང་ནས་ངོ་རྒོལ་བྱས།

2021-04-02
Share
རྒྱ་ནག་གི་བདེ་སྲུང་བློན་ཆེན་གྱི་འཚམས་གཟིགས་སྐབས་བོད་ཀྱི་རྒྱལ་དར་སྒྲེང་ནས་ངོ་རྒོལ་བྱས། རྒྱ་ནག་གི་བདེ་སྲུང་བློན་ཆེན་ཧང་གྷི་རིའི་རྒྱལ་ས་བྷུ་དྷ་པེསིཊ་(Budapest)རུ་བསྐྱོད་སྐབས་ཡུལ་དེའི་གྲོང་སྡེ་ལྷན་ཚོགས་ཀྱི་ངོས་ནས་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱས་ཏེ་ངོ་རྒོལ་གྱི་རྣམ་འགྱུར་བསྟན་སྐབས། ༣།༢༤།༢༡
Tibet Bureau Geneva

རྒྱ་ནག་གི་བདེ་སྲུང་བློན་ཆེན་ཧང་གྷི་རིའི་རྒྱལ་ས་བྷུ་དྷ་པེསིཊ་(Budapest)རུ་བསྐྱོད་སྐབས་ཡུལ་དེའི་གྲོང་སྡེ་ལྷན་ཚོགས་ཀྱི་ངོས་ནས་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱས་ཏེ་ངོ་རྒོལ་གྱི་རྣམ་འགྱུར་བསྟན་འདུག
ཧང་གྷི་རིའི་(Hungary)རྒྱལ་ས་(Budapest)རུ་རྒྱ་ནག་གི་བདེ་སྲུང་བློན་ཆེན་གྱི་འཚམས་གཟིགས་སྐབས་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱིས་ངོ་རྒོལ་གནང་མཁན་ནི། གྲོང་སྡེ་ལྷན་ཚོགས་ཀྱི་སྤྱི་ཁྱབ་གཞོན་པ་ཧྥེ་རེནསི་གྷ་རེན་ཛེར་( Ference Garencsér)ལགས་ཡིན་ཞིང་། ཁོང་གིས་བྷུ་དྷ་པེསིཊ་གྲོང་སྡེ་ལྷན་ཚོགས་ཀྱི་ཚོགས་ཁང་སྟེང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་ཡོད་པ་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་བརྙན་པར་དང་བཅས་གནས་ཚུལ་སྤེལ་འདུག
གནས་ཚུལ་དེ་ཕྱི་ཟླ་༣པའི་ཚེས་༢༤ཉིན་བྱུང་འདུག་ཅིང་། སྐབས་དེར་རྒྱ་ནག་གི་བདེ་སྲུང་བློན་ཆེན་ཝེ་ཧྥང་གྷེ་(Wei Fenghe)ཧང་གྷ་རིའི་རྒྱལ་སར་སླེབས་འབྱོར་བྱུང་ཡོད་པ་དང་། བྷུ་དྷ་པེསིཊ་(Budapest)གྲོང་སྡེ་ལྷན་ཚོགས་ཀྱི་སྤྱི་ཁྱབ་གཞོན་པ་ཧྥེ་རེནསི་གྷ་རེན་ཛེར་(Ference Garencsér)་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་དང་། ཤར་ཏུར་ཀིསུ་ཐན་གྱི་ཡུ་གུར་ཁ་ཆེ་མི་རིགས་གཙོས་གྲངས་ཉུང་མི་རིགས་ཐོག་དྲག་རྩུབ་ཀྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་པར་ངོ་རྒོལ་དང་། སྡུག་སྦྱོང་མྱོང་བཞིན་པའི་ས་ཁུལ་དེ་དག་གི་མི་རྣམས་ལ་དྲང་བདེན་དང་རང་དབང་དགོས་པའི་བརྡ་ལན་སྤྲོད་ཆེད། གྲོང་སྡེ་ལྷན་ཚོགས་ཀྱི་ཚོགས་ཁང་སྟེང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་པར་མ་ཟད། རྒྱ་ནག་གི་བདེ་སྲུང་བློན་ཆེན་གྱི་གཟིགས་སྐོར་ལ་ངོ་རྒོལ་གྱི་འཕྲེད་དར་ཡང་འཕྱར་ཡོད་པ་རེད་འདུག
གྲོང་སྡེ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཀྱི་ངོས་ནས་ཀྱང་། ཧང་གྷི་རི་གཞུང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ཞིག་རྒྱལ་ཁབ་ནང་གཟིགས་སྐོར་དུ་མགྲོན་འབོད་བྱས་པར་ངོ་རྒོལ་གནང་འདུག་ལ། ཁོང་གིས། ཧང་གྷི་རི་གཙོས་པའི་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་ཡུལ་ཁག་ཚོས་རྒྱ་ནག་དམར་ཤོག་རྒྱལ་ཁབ་དང་མཛའ་འབྲེལ་བྱེད་ཆོག་ཀྱང་། འབྲེལ་བ་བྱེད་ཕྱོགས་ཐད་དམར་ཐིག་གི་དབྱེ་མཚམས་ཞིག་ཀྱང་དགོས་པ་དང་། རྒྱལ་ཁབ་སུ་འདྲ་ཞིག་རུང་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་བཞིན་པའི་གནས་སྟངས་ལ་བཟོད་སྲན་གྱི་རྣམ་པའི་ཐོག་ནས་གཡོལ་ཐབས་ནམ་ཡང་བྱེད་མི་རུང་ཞེས་གསུངས་གནང་འདུག
བྷུ་དྷ་པེསིཊ་(Budapest)གྲོང་སྡེ་ལྷན་ཚོགས་ཀྱི་སྤྱི་ཁྱབ་གཞོན་པ་ཧྥེ་རེནསི་གྷ་རེན་ཛེར་(Ference Garencsér)་ལགས། དེ་སྔ་༢༠༡༣ལོར་བཞུགས་སྒར་རྡ་རམ་སཱ་ལར་འཚམས་གཟིགས་སུ་ཕེབས་མྱོང་བ་དང་། བོད་ཀྱི་ཆོས་དང་རིག་གཞུང་། བོད་མིའི་དཀའ་སྡུག་གི་གནས་སྟངས་བཅས་པར་སེམས་ཁུར་ཆེ་བཞེས་གནང་མཁན་ཞིག་ཡིན་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།