ཨ་རིའི་གྲོས་ཚོགས་འཐུས་མིའི་བོད་འབྲེལ་ཁྲིམས་འཆཪ་ནང་བོད་ཆོལ་ཁ་གསུམ་ཚུད་དགོས་པའི་རེ་སྐུལ།

2020-06-01
གློག་འཕྲིན།
མཆན།
Share
པར་བཀོད།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གསར་འགོད་ལྷན་ཚོགསས་སྐབས། ༢༠༢༠།༦།༡
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གསར་འགོད་ལྷན་ཚོགསས་སྐབས། ༢༠༢༠།༦།༡
RFA/Tenzin Dhonyoe

ཨ་རིའི་གྲོས་ཚོགས་ནང་བོད་རང་སྐྱོང་ལྗོངས་རང་བཙན་རྒྱལ་ཁབ་ཡིན་པའི་ཁྲིམས་འཆར་གྱི་ཚིག་དོན་ལ་བསྐྱར་བཅོས་ཀྱིས་དེའི་ནང་བོད་ཆོལ་ཁ་གསུམ་ཆ་ཚང་འཇུག་དགོས་པ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་ཀྱིས་རེ་སྐུལ་ཞུས་འདུག
ཉེ་ལམ་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་སི་ཁོ་ཊི་པེ་རེ(Scott Perry)་ལགས་ཀྱིས། ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་རང་སྐྱོང་ལྗོངས་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པའི་ཁྲིམས་འཆར་(H R 6948)་བཏོན་གནང་བར། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་ཀྱིས་དགའ་བསུ་ཡོད་ན་ཡང་། ཚོགས་པ་གཉིས་ཀྱི་ངོས་ནས་གྲོས་ཚོགས་འཐུས་མིའི་ལས་ཁུངས་སུ་འབྲེལ་བ་བྱས་ནས། གོང་གི་ཁྲིམས་འཆར་དེའི་ཚིག་དོན་ལ་བསྐྱར་བཅོས་ཀྱིས་ཁྲིམས་འཆར་དེའི་ནང་བོད་ཆོལ་ཁ་གསུམ་ཆ་ཚང་འཇུག་གནང་ཡོང་བའི་འབོད་སྐུལ་ཞུས་ཡོད་པ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་འགྲུབ་ལགས་ཀྱིས་གསར་འགོད་ལྷན་ཚོགས་ཐོག་བརྒྱུད་བསྒྲགས་གནང་སོང་།
སྐབས་དེར་ཁོང་གིས་བོད་རང་སྐྱོང་ལྗོངས་ཞེས་པ་ནི། རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་བྱས་རྗེས་ཕྱི་ལོ་༡༩༦༥་ཟླ་༩་ཚེས་༩་ཉིན་གསར་བཙུགས་བྱས་པ་དང་། དེར་བོད་ཆོལ་ཁ་གསུམ་གྱི་ས་ཁྱོན་གསུམ་ཆ་གཅིག་ཙམ་ལས་མེད། དེར་བརྟེན་མི་ལོ་བདུན་བཅུའི་རིང་གཞིས་བྱེས་གཉིས་སུ་ཡོད་པའི་ཆོལ་གསུམ་བོད་རིགས་རྣམས་ཀྱིས་བོད་མིའི་བདེན་དོན་འཐབ་རྩོད་ཀྱི་སླད་རྒྱ་དམར་གྱི་དབང་བསྒྱུར་ལ་རྒོལ་ལན་དང་། ལྷག་པར་དུ་༢༠༠༩་ནས་བཟུང་ད་བར་གཞིས་ལུས་བོད་མི་༡༥༦་ཙམ་གྱིས་རྒྱ་ནག་དམར་གཞུང་གི་བཙན་གནོན་དང་བཙུན་འཛུལ་ལ་ངོ་རྒོལ་ཆེད་སྐུ་ལུས་མེར་སྲེག་ཀྱང་བཏང་ཡོད་པའི་སྐོར་ཞུས་ཡོད་པ་དང་། ཚོགས་པ་གཉིས་ཀྱི་ངོས་ནས་ཁྲིམས་འཆར་འདི་ལོ་རྒྱུས་རང་བཞིན་ལྡན་པ་གལ་ཆེ་ཞིག་ལ་ངོས་འཛིན་དང་སྦྲགས། རྒྱལ་ཁབ་གཞན་གྱི་གྲོས་ཚོགས་ནས་ཀྱང་འདི་ལྟ་བུའི་ཁྲིམས་འཆར་འཇོག་ཐུབ་པའི་ལས་འགུལ་སྤེལ་རྒྱུ་ཡིན་པ་འགྲེལ་བརྗོད་གནང་གི་འདུག
བོད་རང་བཙན་སློབ་ཕྲུག་ཚོག་པའི་ཚོགས་གཙོ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས། ཁྲིམས་འཆར་དེ་དངོས་སུ་གཏན་འབེབས་ཡོང་རྒྱུར་དུས་ཚོད་གང་ཙམ་འགོར་སྲིད་ཀྱང་ཚང་མས་ཕྱག་གྲུ་མཉམ་འདེགས་ཀྱིས་མུ་མཐུད་ཤུགས་སྣོན་རྒྱག་དགོས་པ་དང་། ད་ལྟ་འཛམ་གླིང་ནང་ཏོག་དབྱིབས་ནད་ཡམས་དང་འབྲེལ་རྒྱ་ནག་གི་བྱ་སྤྱོད་ལ་མི་དགའ་བའི་རྣམ་འགྱུར་སྟོན་མཁན་རྒྱལ་ཁབ་ཇེ་མང་དུ་འགྲོ་བཞིན་པའི་སྐབས་འདིར་ང་ཚོས་འཛམ་གླིང་གི་ཆབ་སྲིད་ཀྱི་འགྱུར་འགྲོས་ལ་གཞིགས་པའི་ལས་འགུལ་ཚད་མཐོ་རུ་བཏོང་དགོས་པ་གལ་ཆེ་ཡིན་པ་འགྲེལ་བརྗོད་གནང་སོང་།
ད་དུང་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དྲིལ་བསྒྲགས་དྲུང་ཆེ་ཨ་རི་ཡ་ཚེ་དབང་རྒྱལ་པོ་ལགས་ཀྱིས། ཨ་རིའི་གྲོས་ཚོགས་འཐུས་མི་སི་ཀོ་ཊེ་པེ་རེ་མཆོག་གིས་བཏོན་གནང་བའི་ཁྲིམས་འཆར་དེའི་ནང་། བོད་རང་སྐྱོང་ལྗོངས་ཞེས་འཁོད་ཡོད་ཀྱང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ལང་ཕྱོགས་དེ་ཆོལ་གསུམ་གཅིག་ཏུ་སྒྲིལ་བའི་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་དེ་ཡིན། གང་ལྟར་ད་ལྟའི་དུས་སྐབས་འདིར་ཚིག་དོན་འགྲིག་མིན་ལ་མ་བལྟོས་བར་ཁྲིམས་འཆར་དེ་འདྲ་ཡོང་དགོས་དོན་ནི་བོད་མིའི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་དང་བོད་མིའི་ཐོབ་ཐང་ངོས་ཟིན་ཐོབ་པས་ཡིན་པ་འགྲེལ་བརྗོད་གནང་བྱུང་།
བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་ཀྱི་ངོས་ནས། གོང་གི་ཁྲིམས་འཆར་གྱི་ཚིག་དོན་ནང་བོད་ཆོལ་གསུམ་ཚུད་པའི་ཐོག་ནས་ཁྲིམས་འཆར་གཏན་འབེབ་ཡོང་བའི་རེ་བ་དང་ཤུགས་སྣོན་མུ་མཐུད་དུ་རྒྱག་རྒྱུ་ཡིན་པ་འགྲེལ་བརྗོད་གནང་སོང་།

མཆན། (0)
Share
དྲ་གནས་ཆ་ཚང༌།