རྒྱ་ནག་གཞུང་གིས་ལོ་སར་རིང་བོད་ནང་གཙུག་ལག་ཁང་དང་པོ་ཏཱ་ལ་སོགས་གནས་སྐབས་སྒོ་རྒྱབ་ནས་མཆོད་མཇལ་དང་ཆོས་ལུགས་ཀྱི་བྱེད་སྒོ་སོགས་མེད་པ་བཟོས་འདུག
རྒྱ་ནག་གཞུང་གིས་བོད་ཀྱི་ལོ་སར་སྐབས་ལྷ་སའི་གཙུག་ལག་ཁང་དང་། ཕོ་བྲང་པོ་ཏཱ་ལ། འབྲས་སྤུངས་དགོན་པ་སོགས་སྒོ་རྒྱབ་ནས་མཆོད་མཇལ་དུ་གཏོང་གི་མེད་པ་མ་ཟད། མདོ་སྟོད་སྨད་ཀྱི་ས་ཁུལ་ཁག་ཏུའང་སྔོག་བཤེར་དམ་དྲག་བྱེད་བཞིན་ཡོད་འདུག
བོད་ཀྱི་ལོ་སར་སླེབས་ལ་ཉེ་བའི་སྐབས་འདིར། རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་ཁྱབ་ཁོངས་སུ་འགྲོ་བསྐྱོད་འདུ་འཛོམས་ཐད་དམ་དྲག་བྱེད་བཞིན་པའི་ཁར། དམིགས་བསལ་བོད་ཀྱི་རྒྱལ་ས་ལྷ་སའི་ལྷ་ལྡན་གཙུག་ལག་ཁང་དང་། ཕོ་བྲང་པོ་ཏཱ་ལ། འབྲས་སྤུངས་དགོན་པ་དང་སེ་ར་དགོན་པ་བཅས་སྒོ་རྒྱབ་ནས་མཆོད་མཇལ་དུ་གཏོང་གི་མེད་པ་དང་། འཕན་པོ་ཕྱོགས་སུ་ཡང་མཆོད་མཇལ་སོགས་མེད་པར་བཟོས་པ་བཅས། ལོ་སར་སྔ་རྗེས་ཀྱི་ཆོས་ལུགས་བྱེད་སྒོ་ཁག་མེད་པར་བཟོས་ཡོད་པ་ཆབ་སྲིད་བཙོན་ཟུར་ངག་དབང་འོད་འབར་ལགས་སུ་བོད་ནས་གནས་ཚུལ་འབྱོར་པ་འགྲེལ་བརྗོད་གནང་བ་དང་། ཁོང་གིས་ད་དུང་ད་ལྟ་རྒྱ་ནག་གཞུང་གིས་བོད་ནང་དམ་དྲག་བྱེད་བཞིན་པར་བརྟེན། བཙན་བྱོལ་ནང་གི་བོད་མི་མང་པོས་ལོ་སར་ཉེ་བའི་སྐབས། སོ་སོའི་ནང་མི་ལ་འབྲེལ་བ་གནང་འདོད་ཀྱིས་ཁ་པར་གཏོང་མཁན་སོགས་ཇི་སྙེད་ཅིག་བྱུང་ཡོད་ནའང་། བོད་ནང་ནས་བོད་མི་ཚོས་ལན་འདེབས་གནང་གི་མེད་པའི་ཐོག ནམ་རྒྱུན་གྱི་འབྲེལ་མཐུད་མ་ལག་གི་བརྡ་འཕྲིན་མང་པོའི་ལམ་ནས་ཀྱང་འབྲེལ་གནང་མ་ཐུབ་པའི་དཀའ་ངལ་ཡོད་པ་དང་། རྒྱ་ནག་གཞུང་གིས་དམ་དྲག་དེ་ཚོ་ནི་ཏོག་དབྱིབས་རིམས་ནད་ཁྱབ་གདལ་སྔོན་འགོག་ཆེད་ཡིན་མདོག་མདོག་གི་རྣམ་འགྱུར་སྟོན་གྱི་ཡོད་ནའང་། དོན་གྱིས་ཆབ་སྲིད་ཀྱི་དམ་དྲག་དང་མི་མང་འདུ་འཛོམས་མི་ཡོང་བ་ལ་དམིགས་པ་ཞིག་གི་རྣམ་པ་འདུག་པ་འགྲེལ་བརྗོད་གནང་གི་འདུག
དེ་བཞིན་རྔ་བ་བོད་རིགས་རང་སྐྱོང་ས་ཁུལ་གྱི་བོད་མི་ཁག་ཅིག་ནས་འགྲེལ་བརྗོད་གནང་བར་གཞིགས་ན། ད་ལོ་ས་གནས་རྒྱ་ནག་གཞུང་གིས་བཀའ་བཏང་ནས་མཛོད་དགེ་རྫོང་ཁོངས་ལྟ་བུར་ཆ་མཚོན་ན། དགོན་པ་ཁག་གིས་ལོ་སར་ཉི་ཤུ་དགུའི་དགུ་གཏོར་སོགས་ཆོས་ལུགས་བྱེད་སྒོ་ཁག་གནང་མི་ཆོག་པ་མ་ཟད། བོད་རིགས་མི་མང་ཚོ་ཡང་ལོ་སར་ལ་འདུ་འཛོམས་བྱས་མི་ཆོག་པ་དང་། དགོན་སྡེ་ཁག་གི་ནང་མཆོད་མཇལ་དུ་འགྲོ་བསྐྱོད་བྱས་མི་ཆོག་པ། དགོན་སྡེ་གྲྭ་ཚང་རྣམས་ཀྱང་རྒྱུན་ལྡན་ལྟར་བཞུགས་དགོས་པ་ལས། ལོ་སར་མཛད་སྒོ་སོགས་གང་ཡང་གནང་མི་ཆོག་པའི་བཙན་བཀའ་བཏང་ཡོད་པ་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་སི་ཁྲོན་དང་། ཀན་སུའུ། མཚོ་སྔོན་ཞིང་ཆེན་བཅས་ཀྱི་ཁྱབ་ཁོངས་སུ་ཆ་བགོས་བྱས་པ། བོད་ཀྱི་མདོ་སྟོད་སྨད་ཀྱི་ས་གནས་ཁག་གི་ནང་དུའང་། དམིགས་བསལ་ལོ་སར་སླེབས་ལ་ཉེ་བའི་སྐབས་འདིར་རླངས་འཁོར་དང་ཁ་པར་སྔོག་བཤེར་བྱེད་པ་དང་། རྫོང་ཁག་རེ་རེ་བཞིན་བཀག་སྡོམ་ནན་པོ་བྱེད་བཞིན་པ་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་སུ་བོད་ནས་གནས་ཚུལ་འབྱོར་པ་འགྲེལ་བརྗོད་གནང་གི་འདུག
སྤྱིར་དམ་དྲག་སྟངས་འཛིན་གྱི་གནས་སྟངས་དེ་ནི་རྒྱ་ནག་གཞུང་གི་ངོས་ནས་ཏོག་དབྱིབས་ནད་ཡམས་ཁྱབ་བརྡལ་མི་འགྲོ་བའི་སྔོན་འགོག་ཆེད་ཡིན་ལུགས་བརྗོད་ཀྱི་ཡོད་ནའང་། འཕྲོད་བསྟེན་བདེ་འཇགས་དང་འབྲེལ་བ་མེད་པའི་སྔོག་བཤེར་དང་། ལག་ཁྱེར་ཁ་པར་ནང་སྔོག་བཤེར་བྱེད་བཞིན་པ་སོགས་ནི་ཆབ་སྲིད་ཀྱི་དམ་དྲག་ཅིག་ལ་བོད་མི་ཚོས་ངོས་འཛིན་གནང་གི་འདུག