ཨ་རིའི་གྲོས་ཚོཊ་འོག་མའི་ནང་བོད་དོན་སྲིད་ཇུས་ཁྲིམས་ཡིག་བསྐྱར་བཅོས་ཀྱི་ཁྲིམས་འཆར་བཏོན་འདུག

2019-09-17
གློག་འཕྲིན།
མཆན།
Share
པར་བཀོད།
ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་(Jim McGovern)་མཆོག 2017/6
ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་(Jim McGovern)་མཆོག 2017/6
Lhuboom/RFA

ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་དོན་སྲིད་ཇུས་ཁྲིམས་ཡིག་བསྐྱར་བཅོས་ཀྱི་ཁྲིམས་འཆར་བཏོན་ནས་༧གོང་ས་མཆོག་གི་མ་འོངས་ཡང་སྲིད་ཐད་ཕྱིའི་ཐེ་ཇུས་འགོག་ཐབས་བྱས་འདུག
ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་དོན་ཁྲིམས་ཡིག་བསྐྱར་བཅོས་ཀྱི་ཁྲིམས་འཆར་བཏོན་ཡོད་པ་དང་། ཁྲིམས་འཆར་ནང་༧གོང་ས་ཏཱ་ལའི་བླ་མའི་ཡང་སྲིད་ཐད་ཐེ་བྱུས་འགོག་ཐབས་དང་། རྡ་རམ་ས་ལར་ཡོད་པའི་དབུས་བོད་མིའི་སྒྲིག་འཛུགས་ནི་བོད་མི་ཡོངས་རྫོགས་ཀྱི་ཁྲིམས་མཐུན་ངོ་ཚབ་དང་མངོན་འདོད་མཚོན་ཐུབ་མཁན་ཡིན་པ་བཀོད་ཡོད་པ་རེད།
དེ་ཡང་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ནང་ཕྱི་ཟླ་ ༩ ་ཚེས་ ༡༣ ་ཉིན། ཨ་མི་རི་ཀའི་འཛིན་སྐྱོང་དང་། གྲོས་ཚོགས་ཀྱི་རྒྱ་ནག་ཐོག་ཆེས་མཐོའི་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་(Jim McGovern)་མཆོག་གིས། བོད་དོན་སྲིད་ཇུས་ཁྲིམས་ཡིག་༢༠༠༢་ལ་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཞིག་བཏོན་གནང་བ་དང་། དེའི་ནང་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་དབུས་བོད་མིའི་ཆོས་ཕྱོགས་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཀྱི་གནད་དོན་འདི་བོད་མི་རང་གིས་ཐག་གཅོད་བྱེད་རྒྱུ་ལས། འདིར་ཐེ་བྱུས་བྱ་ཐབས་བྱེད་མཁན་གྱི་རྒྱ་ནག་གི་དཔོན་རིགས་ཚོར་དམིགས་བཀར་དམ་དྲག་དང་བཀག་འགོག་བྱ་ཡུལ་ཆགས་སྲིད་པ་འབུར་འདོན་བྱས་ནས་བཀོད་ཡོད་ཅིང་། དེ་མིན་འདིའི་ཐད་ལ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ལས་ཁུངས་ནས་དམིགས་བསལ་ཐུགས་འཁུར་བཞེས་རྒྱུ་ཡིན་པ་ཡང་གསལ་ཡོད་པ་རེད། ཁྲིམས་ཡིག་བསྐྱར་བཅོས་ཀྱི་ཁྲིམས་འཆར་དེའི་ནང་བོད་རྒྱ་འབྲེལ་མོལ་ཆད་ནས་ལོ་བཅུ་སོང་བའི་གནས་སྟངས་དང་། ༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མང་གཙོའི་འགོ་ཁྲིད་ལ་རྩིས་སྤྲོད་ཟིན་པ་ཁག་བཀོད་པ་དང་སྦྲགས། དབུས་བོད་མིའི་སྒྲིག་འཛུགས་ནི་བོད་མི་ཡོངས་ཀྱི་མངོན་འདོད་དང་།  ངོ་ཚབ་མཚོན་པའི་སྒྲིག་འཛུགས་ཡིན་པ་བཀོད་ཡོད་འདུག
བསྐྱར་བཅོས་ཁྲིམས་འཆར་དེའི་ནང་ད་དུང་། བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་ཡན་ལག་འཛུགས་རྒྱུའི་འཆར་གཞི་ལ་འགོག་རྐྱེན་བཟོས་ན། ཨ་མི་རི་ཀའི་ནང་རྒྱ་ནག་གཞུང་ཚབ་ཡན་ལག་ལས་ཁུངས་འཛུགས་རྒྱུར་བཀག་འགོག་བྱེད་རྒྱུ་ཡིན་པ་ཡང་བཀོད་ཡོད་པ་རེད།
ཁྲིམས་འཆར་དེ་བཞིན་གྲོས་ཚོགས་འོག་མའི་ནང་བཏོན་ཟིན་པ་ལྟར། བདུན་ཕྲག་འདིའི་ནང་དུ་ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་གྲོས་ཚོགས་འཐུས་མི་མར་ཁོ་རུ་སྦི་ཡོ་མཆོག་གིས་འདོན་སྤེལ་གནང་གི་ཡོད་ཅིང་། ཁྲིམས་འཆར་དེ་བཞིན་གྲོས་ཚོགས་གི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་དང་། ཁྲིམས་དོན་ཚོགས་ཆུང་བཅས་བརྒྱུད་རིམ་བཞིན་འོས་འཕེན་གྱི་ལམ་ནས་གཏན་འབེབས་གནང་དགོས་པ་ཞིག་ཡིན་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།