བོད་ཐང་ཞེས་དངོས་སུ་གཞུང་འབྲེལ་མིང་བྱང་བཏཊ་འདུག
2017.06.22
ཡོ་རོབ་(Lithuania)་ཡུལ་གྱི་(Vilnius)་གྲོང་ཁྱེར་དཀྱིལ་དུ་ཡོད་པའི་ཐང་ཆེན་ལ་གཞུང་འབྲེལ་ཀྱི་ཐོག་ནས་དངོས་སུ་བོད་ཐང་ཞེས་བཀོད་པའི་མིང་བྱང་བཏགས་འདུག
དེ་ཡང་དབྱིན་ཡུལ་ལོན་ཊོན་བོད་ཀྱི་དོན་གཅོད་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། (Lithuania)རྒྱལ་ཁབ་ཀྱི་(Vilnius)་གྲོང་ཁྱེར་དཀྱིལ་དུ་ཡོད་པའི་ཐང་ཆེན་དེ་བཞིན་ཟླ་འདིའི་སྤྱི་ཚེས་༢༠་ཉིན་གཞུང་འབྲེལ་ཀྱི་སྒོ་ནས་དངོས་སུ་བོད་ཐང་ཞེས་བཀོད་པའི་མིང་བྱང་བཏགས་ཡོད་པ་དང་། ཐང་ཆེན་དེ་ནི་བྱང་ཡོ་རོབ་སྐུ་ཚབ་དོན་གཅོད་ཟུར་པ་སྐུ་ཞབས་ཐུབ་བསྟན་བསམ་འགྲུབ་ལགས་ཀྱིས་ལོ་བདུན་གྱི་གོང་བོད་ཐང་ཞེས་དབུ་འབྱེད་གནང་བ་ཞིག་ཡིན་འདུག
གོང་ཚེས་ཉིན་ཐང་ཆེན་གྱི་མིང་བྱང་འདོགས་པའི་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་(Vilnius)གྲོང་ཁྱེར་ཀྱི་གྲོང་ཁྱེར་སྤྱི་ཁྱབ་པ་(Remigijus Simasius)མཆོག་གིས་Vilnius་དུ་རྟེན་གཞི་བྱེད་པའི་བོད་དོན་རྒྱབ་སྐྱོབ་ཚོགས་པའི་འགན་འཛིན་(Vytis Vidunas)ཡོད་སར་གཞུང་འབྲེལ་ཀྱི་སྒོ་ནས་དབུ་འབྱེད་གནང་ཡོད་པ་དང་། སྐབས་དེར་(Lithuania)གྲོས་ཚོགས་འཐུས་མི་(Andrius Navickas)དང་དེ་མིན་བོད་དོན་རྒྱབ་སྐྱོར་བ་མི་སྣ་ཁག་ཅིག་ཀྱང་མཉམ་ཞུགས་གནང་ཡོད་འདུག
གྲོང་ཁྱེར་སྤྱི་ཁྱབ་པས་མིང་བྱང་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་མིང་བྱང་འདི་དང་འདི་འདྲ་བའི་མིང་བྱང་དབུ་འབྱེད་བྱས་པ་དེས་Vilniusགྲོང་ཁྱེར་དེ་བཞིན་རྒྱལ་ཁབ་དང་སྐད་ཡིག ཆོས་ལུགས་མི་འདྲ་བའི་མི་དམངས་ལ་སྒོ་ཕྱེ་བཞིན་ཡོད་པ་མཚོན་བཞིན་ཡོད་ཅེས་དང་། ཡང་ཁོང་གིས་Vilniusནང་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་ཞེས་མེད་ནའང་། ད་རེས་ཀྱི་སྒོ་བྱང་དབུ་འབྱེད་ཀྱི་མཛད་སྒོ་དེ་བཞིན་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པ་ནས་གོ་སྒྲིག་གནང་ཡོད་ཅེས་བརྗོད་འདུག
བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་Vytis Vidunasམཆོག་གིས། ༧གོང་ས་མཆོག་ནི་Lithuaniaསྤྱི་ལོ་༡༩༩༠་ལོའི་ནང་རང་བཙན་གསལ་བསྒྲགས་བྱས་རྗེས་དགའ་བསུ་ཞུ་མཁན་འཛམ་གླིང་གི་དབུ་ཁྲིད་གྲས་སུ་གཅིག་ཡིན་ཞེས་དྲན་གསོ་ཞུས་པ་དང་སྦྲགས་༧གོང་ས་མཆོག་ཡུལ་དེའི་ནང་༡༩༩༡་ལོ་དང་། ༢༠༠༡ལོ། ཁྱད་པར་དུ་༢༠༡༣་ལོར་Vilniusགྲོང་ཁྱེར་ནང་གི་བོད་ཀྱི་ཐང་ཆེན་ལ་ཆིབས་བསྒྱུར་མཛད་དེ་དཀྱིལ་འཁོར་འཇིམ་བཟོས་ལ་རབ་གནས་མཛད་ཡོད་ཅེས་གསུངས་འདུག
བོད་ཀྱི་ཐང་ཆེན་ཞེས་གཞུང་འབྲེལ་མིང་བྱང་བཏགས་པར་Lithuaniaནང་གི་གསར་ལམ་ཁག་ལ་ཁྱབ་བསྒྲགས་ཤུགས་ཆེན་པོ་བྱུང་ཡོད་འདུག
གསར་འགོད་པ་གུ་རུ་ཆོས་སྐྱིད།