ལྷ་སར་ས་ག་ཟླ་བའི་རིང་ནད་ཡམས་དང་འབྲེལ་ནས་དམ་དྲག་བྱེད་རྒྱུའི་སྔོན་བརྡ་བཏང་འདུག

2021.05.11
ལྷ་སར་ས་ག་ཟླ་བའི་རིང་ནད་ཡམས་དང་འབྲེལ་ནས་དམ་དྲག་བྱེད་རྒྱུའི་སྔོན་བརྡ་བཏང་འདུག ལྷ་སའི་གཙུག་ལག་ཁང་གི་མདུན། ༢༠༢༡
བོད་འབྱོར།/RFA

ལྷ་སར་ས་ག་ཟླ་བའི་རིང་རྒྱ་ནག་གཞུང་གིས་ཀོ་ཝིཌ་༡༩་ཏོག་དབྱིབས་ནད་ཡམས་དང་འབྲེལ་མཆོད་མཇལ་དང་ཕྱག་སྐོར་བྱེད་ཕྱོགས་ཐད་དམ་དྲག་བྱེད་རྒྱུའི་སྔོན་བརྡ་བཏང་འདུག
བོད་ཟླ་བཞི་པ་ས་ག་ཟླ་བ་ཤར་ལ་ཉེ་བའི་སྔ་རོལ་དུ། རྒྱ་ནག་གཞུང་གིས་བོད་ནང་གི་ལས་ཁུངས་དང་སློབ་གྲྭ་སོགས་ནང་སྲོལ་རྒྱུན་ཆོས་ཕྱོགས་ཀྱི་བྱེད་སྒོའི་ནང་མཉམ་ཞུགས་བྱ་མི་ཆོག་པའི་བཀག་འགོག་བྱེད་མུས་ཐོག ལྷ་ས་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱིས་དད་ལྡན་མང་ཚོགས་ལ་དོན་ཚན་བཞི་ཡོད་པའི་ཀོ་ཝིཌ་༡༩་ཏོག་དབྱིབས་རིམས་ནད་འགོས་ཁྱབ་སྔོན་འགོག་དགོས་ལུགས་ཀྱི་གྲོས་འདོན་ཡི་གེ་ཟེར་བ་ཞིག་བཏང་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་བ་འདིའི་ཚེས་༩་ཉིན་ལྷ་ས་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱིས་གཙོ་བོ་གཞུང་གི་ལས་ཁུངས་ཚན་པ་དང་། དེ་བཞིན་སློབ་གྲྭ་ཁག་དང་འབྲེལ་བ་མེད་པའི་མང་ཚོགས་དང་གྲྭ་བཙུན། ཡུལ་སྐོར་བ་སོགས་ཀྱི་སྡེ་ཁག་དངོས་སུ་མིང་འདོན་བྱས་ཏེ་དོན་ཚན་བཞི་ཡོད་པའི་གྲོས་འདོན་ཡི་གེ་ཞེས་པ་ཞིག་བཏོན་འདུག་ཅིང་། དེའི་ནང་ཀོ་ཝིཌ་༡༩་ཏོག་དབྱིབས་རིམས་ནད་ཀྱི་སྔོན་འགོག་སྨན་ཁབ་རང་འགུལ་ངང་གཟེད་དགོས་པ་དང་། སོ་སོ་གནས་ཡུལ་དང་ཐག་ཉེ་ས་དང་སྟབས་བདེ་སར་ཆོས་མཇལ་དུ་བསྐྱོད་པ་ལས་ཕོ་བྲང་པོ་ཏཱ་ལར་རྩེ་བསྐོར་དང་། བར་བསྐོར། གླིང་བསྐོར་སོགས་འདུ་འཛོམས་ཆེ་སར་མི་འགྲོ་བ། ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་བཟུང་ནས་ཡ་རབས་ངང་བསང་ཁ་བསང་གསོལ་དང་ལུགས་མཐུན་ངང་དུད་འགྲོ་ཚེ་ཐར་གཏོང་བ། དེ་བཞིན་གྲྭ་བཙུན་ཚོས་སྔོན་འགོག་གི་ལས་དོན་སྤེལ་པའི་ཐོག་དགོན་པའི་གཡས་གཡོན་ལ་ཤིང་འཛུགས་ནགས་བཟོའི་ལས་དོན་ལ་ཞུགས་དགོས་པ་དང་། དགོན་པ་ཁག་གིས་བརྟན་ལྷིང་སྲུང་སྐྱོབ་དང་རིམས་ནད་ལ་སྔོན་འགོག་བྱེད་རྒྱུའི་ཐད་དམར་ཤོག་ཚོགས་པ་དང་གཞུང་གི་བྱ་ཐབས་དོན་འཁྱོལ་དགོས་པ་མ་ཟད། འཆར་ཅན་གྱི་ཆོས་ལུགས་བྱེད་སྒོ་ཁག་ཀྱང་སྟབས་བདེའི་ངང་སྤེལ་དགོས་པ་བརྗོད་འདུག འོན་ཀྱང་རྒྱ་རིགས་གཙོ་བོར་གྱུར་པའི་ཡུལ་སྐོར་བ་ཚོ་མི་མང་འདུ་འཛོམས་ཆེ་ཡུལ་དུ་འགྲོ་མི་རུང་བ་དང་དགོན་པ་ཁག་ལ་བསྐྱོད་སྐབས་སྔོན་འགོག་གི་ལས་དོན་ཡག་པོ་སྤེལ་དགོས་ལུགས་བརྗོད་པ་ལས་དགོན་པ་ཁག་ཏུ་འགྲོ་མི་ཆོག་པ་བརྗོད་མི་འདུག
ས་ག་ཟླ་བ་ནི་སངས་རྒྱས་བཅོམ་ལྡན་འདས་སྐུ་བལྟམས་པ་དང་སངས་རྒྱས་པ། མྱ་ངན་ལས་འདས་པ་སོགས་ཀྱི་མཛད་པའི་རྩ་ཆེའི་དུས་ཆེན་ཁག་འཁེལ་བའི་ཟླ་བ་དམིགས་བསལ་ཅན་ཞིག་ཡིན་ཞིང་། བོད་མི་ཚོས་ཟླ་བ་འདིའི་རིང་སྡིག་སྤོང་དགེ་སྒྲུབ་ཀྱི་བྱ་བར་དམིགས་བསལ་འབད་པ་ཤུགས་ཆེ་བྱེད་སྲོལ་ཡོད་པ་རེད། འོན་ཀྱང་རྒྱ་ནག་གཞུང་གིས་ལོ་ལྟར་བོད་ཟླ་བཞི་པ་ས་ག་ཟླ་བའི་རིང་དམ་དྲག་ཆེ་ཤོས་བྱེད་པའི་དུས་ཚིགས་ཤིག་ཡིན་ལ། བོད་ཀྱི་རྒྱལ་ས་ལྷ་སར་མཚོན་ན། ས་ག་ཟླ་བ་འཆར་ལ་ཉེ་བའི་སྐབས་སུ། གཞུང་གི་ལས་ཁུངས་ཁག་གི་ལས་བྱེད་པ་དང་སློབ་ཕྲུག་ཚོ་དགོན་པ་ཁག་ཏུ་ཆོས་མཇལ་དུ་བསྐྱོད་པ་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོའི་ནང་མཉམ་ཞུགས་བྱེད་མི་ཆོག་པའི་དམ་དྲག་བཀོད་ཁྱབ་བྱེད་བཞིན་ཡོད་ཅིང་། ཐ་ན་རྒས་ཡོལ་ཞུས་ཟིན་པའི་ལས་བྱེད་ཚོའི་ཐོག་ལ་ཡང་བཀག་འགོག་དང་སྟངས་འཛིན་ནན་པོ་བྱེད་བཞིན་པར་བརྟེན། བོད་མི་ཚོ་གལ་ཏེ་མཆོད་མཇལ་སོགས་སུ་བསྐྱོད་ཚེ་ཉེས་ཆད་ཕོག་མི་ཡོང་ངམ་སྙམ་པའི་འཇིགས་སྣང་འོག་གནས་དགོས་ཀྱི་ཡོད་ཀྱང་། རྒྱ་ནག་ནས་ཡོང་བའི་རྒྱ་མི་ལས་བྱེད་པ་ཚུད་པའི་ཡུལ་སྐོར་བ་ཚང་མ་རང་དབང་ངང་བསྐྱོད་ཆོག་གི་ཡོད་པའི་ཐོག་ད་རེས་ས་ག་ཟླ་བའི་རིང་གི་བཀག་རྒྱ་བཏང་པ་འདི་དག་ཕྱི་ནས་ཡོང་མཁན་ཡུལ་སྐོར་བ་ཚོའི་ཐོག་ལག་བསྟར་བྱེད་ཀྱི་མེད་པ་བོད་ནས་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་ཀྱི་འདུག་ལ། ད་དུང་གནས་ཚུལ་མཁོ་སྤྲོད་པ་དེས། རྒྱ་ནག་གཞུང་ཕྱོགས་ནས་བོད་རང་སྐྱོང་ལྗོངས་ནང་ཀོ་ཝིཌ་༡༩་ཏོག་དབྱིབས་རིམས་ནད་འགོས་མཁན་མི་གཅིག་ལས་བྱུང་མེད་པ་བརྗོད་པའི་དྲིལ་བསྒྲགས་ཤུགས་ཆེ་བྱས་ཡོད་ན་ཡང་། ན་ནིང་ས་ག་ཟླ་བ་དང་འདི་ལོའི་ས་ག་ཟླ་བར་ཏོག་དབྱིབས་རིམས་ནད་ཀྱིས་རྐྱེན་པས་མང་ཚོགས་དཀྱུས་མ་དང་གྲ་བཙུན་ཁྲོད་མུ་མཐུད་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་རྒྱུར་བཀག་འགོག་ནན་པོ་བྱེད་བཞིན་ཡོད་པ་བརྗོད་ཀྱི་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དགུང་གྲངས་༥༢ཐོག་འདས་གྲོངས་སུ་ཕྱིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎