རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་དམིགས་བསལ་སྐུ་ཚབ་ཀྱིས་བོད་ནང་གི་གནས་སྟངས་ལ་ཐུགས་ཚབས་ཡོད་པ་གསུངས་བྱུང་།

2024.02.06
རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་དམིགས་བསལ་སྐུ་ཚབ་ཀྱིས་བོད་ནང་གི་གནས་སྟངས་ལ་ཐུགས་ཚབས་ཡོད་པ་གསུངས་བྱུང་། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་དམིགས་བསལ་སྐུ་ཚབ་ལྕམ་(Mary Lawlor)་ལགས།
OHCHR

སྤྱི་ཟླ་དང་པོའི་ཚེས་༢༦ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་དུས་བཀག་བསྐྱར་ཞིབ་ཐེངས་བཞི་པ་གནང་བ་མཇུག་སྐྱོང་གནང་ཕྱོགས་ཀྱི་ལས་དོན་ཚོགས་འདུ་ཚོགས་ཡོད་པ་དང་། སྐབས་དེར་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་༡༦༡གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་གླེང་སློང་གིས་དེ་འབྲེལ་གྱི་བསམ་འཆར་ལམ་སྟོན་ཁག་ཁྱོན་༤༢༨བཏོན་ཡོད་པ་དང་། ཚོགས་མི་རྒྱལ་ཁབ་༣༦གིས་ཚོགས་འདུའི་སྔོན་ཚུད་དུ་རྒྱ་ནག་ལ་དྲི་བ་བཏང་ཡོད་པ་རེད།
དེའི་ཐད་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་དམིགས་བསལ་སྐུ་ཚབ་ལྕམ་(Mary Lawlor)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ད་རེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་དུས་བཀག་བསྐྱར་ཞིབ་ཐེངས་བཞི་པ་གནང་སྐབས། དེ་སྔ་ལས་ཚོགས་མི་རྒྱ་ཁབ་མང་པོས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཐུགས་ཚབས་ཡོད་སྐོར་གསལ་སྟོན་གནང་བ་ནི་བཟང་ཕྱོགས་ཀྱི་རྣམ་འགྱུར་ཡིན་ཡང་། དོན་དངོས་སུ་རྒྱ་ནག་གཞུང་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་དང་འབྲེལ་ནས་ཆེད་འདོན་གནང་བའི་རྒྱབ་གཉེར་དགོངས་འཆར་རྣམས་རྒྱ་ནག་གཞུང་གིས་ལག་བསྟར་བྱེད་པའི་ཡིད་ཆེད་མེད་ཅེས་དང་། ལྷག་པར་དུ་རྒྱ་ནག་གཞུང་གིས་བོད་མི་ཆབ་སྲིད་བཙོན་པ་གཙོས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཚོར་ནག་ཉེས་འདྲ་མིན་བཙུགས་པ་དང་། ཡུན་རིང་བཙོན་འཇུག་གིས་གཅར་རྡུང་བྱེད་པ། སྨན་བཅོས་ཀྱི་མཐུན་རྐྱེན་ཡག་པོ་མི་སྤྲོད་པ་བཅས་ཀྱི་གནས་སྟངས་ཐད་བློ་འཚབ་ཡོད། རྒྱལ་ཚོགས་ཀྱི་དམིགས་བསལ་རྟོགས་ཞིབ་སྡེ་ཚན་གྱིས་དེ་སྔ་སྤྱི་ལོ་༢༠༢༣་ལོའི་ཟླ་༨པའི་ནང་། རྒྱ་ནག་གིས་འཛིན་བཟུང་བྱས་བའི་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་མི་གྲངས་དགུའི་གནས་སྟངས་ཐད་འདྲི་རྩད་བྱས་ཡོད་པ་ད་བར་དུ་ལན་འདེབས་གང་ཡང་བྱུང་མེད། དེ་བས་རྒྱལ་ཚོགས་ཙམ་མིན་པར་ཨ་རི་དང་ཡོ་རོབ་སོགས་ཀྱི་རྒྱལ་ཁབ་ཁག་གིས་ཀྱང་རྒྱ་ནག་ལ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་མུ་མཐུད་དུ་གླེང་དགོས། དེ་བཞིན་རྒྱལ་སྤྱིའི་ནང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐད་ཕྱག་ལས་གནང་མཁན་ཚོགས་སྡེ་ཁག་གིས་བོད་ནང་གི་གནས་སྟངས་གང་ཡོད་ཤེས་རྟོགས་བྱུང་ཚེ་རྒྱལ་ཚོགས་ལ་འབྲེལ་བ་གནང་རོགས་བཅས་གསུངས་བྱུང་།
སྤྱི་ཟླ་དང་པོའི་ཚེས་༢༣་ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་དུས་བཀག་བསྐྱར་ཞིབ་ཐེངས་བཞི་པ་དངོས་སུ་གནང་བའི་སྐབས། རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་ཉི་ཤུ་ལྷག་གིས་བོད་དོན་དང་འབྲེལ་བའི་གནད་དོན་དོན་ཚན་༢༥རྒྱབ་གཉེར་གནང་ནས་བོད་དོན་གླེང་ཡོད་པ་དང་། དེ་ནི་༢༠༡༨ལོའི་བསྐྱར་ཞིབ་ཐེངས་གསུམ་པ་དང་བསྡུར་ན་ལྡབ་གཅིག་ལྷག་གི་མང་བ་བྱུང་ཡོད་པ་རེད།

*འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་དུས་བཀག་བསྐྱར་ཞིབ་ཐེངས་བཞི་པ་གནང་བའི་འབྲེལ་ཡོད་གནས་ཚུལ་ཁག་འདིར་གནན་ན་གཟིགས་ཐུབ།


གསར་འགོད་པ། བསྟན་འཛིན་བདེ་སྐྱིད། བསྟན་འཛིན་པདྨ། ཀླུ་འབུམ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གཞུང་གིས་གྲོས་མོལ་སྒོ་ཕྱེ་ཡོད་ཚེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་གྲོས་མོལ་བྱེད་དགོས་བ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་ལན་འདེབས་གནང་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དགོངས་རྫོགས་ལ་མྱ་ངན་དང་ཁོང་གི་མཛད་རྗེས་གླེང་མཁན་མང་པོ་ཡོང་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎