ཆུ་དམར་ལེབ་རྫོང་ནས་རང་ལུས་མེར་བསྲེགས་སྐོར་གླེང་སློང་བྱས་རྐྱེན་ནོར་འཛིན་དབང་མོ་ལགས་འཛིན་བཟུང་གིས་ལོ་གསུམ་གྱི་ཁྲིམས་ཐག་བཅད་ཡོད་འདུག

2022.03.25
Share on WhatsApp
Share on WhatsApp
ཆུ་དམར་ལེབ་རྫོང་ནས་རང་ལུས་མེར་བསྲེགས་སྐོར་གླེང་སློང་བྱས་རྐྱེན་ནོར་འཛིན་དབང་མོ་ལགས་འཛིན་བཟུང་གིས་ལོ་གསུམ་གྱི་ཁྲིམས་ཐག་བཅད་ཡོད་འདུག བོད་མི་ནོར་འཛིན་དབང་མོ་ལགས་ནས།
RFA

ཕྱི་ལོ་༢༠༢༠ལོའི་ནང་ཡུལ་ཤུལ་ཁུལ་ཆུ་དམར་ལེབ་རྫོང་ཆིག་སྒྲིལ་གྲོང་སྔོན་ལུང་སྡེ་བ་ནས་ཡིན་པའི་བོད་མི་ནོར་འཛིན་དབང་མོ་ལགས་ནས། དེ་སྔ་ཕྱི་ལོ་༢༠༡༣ལོའི་ཟླ་༥ཚེས་༢༧ཉིན་ཆུ་དམར་ལེན་རྫོང་ནས་བོད་མི་གཞོན་སྐྱེས་བསྟན་འཛིན་ཤེས་རབ་ལགས་ཀྱིས་རྒྱ་ནག་གི་དྲག་གནོན་སྲིད་བྱུས་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་གླེང་སློང་བྱས་པར་བརྟེན། འཛིན་བཟུང་གིས་ལོ་གསུམ་གྱི་བཙོན་མཇུག་ཁྲིམས་ཐག་བཅད་ཡོད་སྐོར། བོད་ནང་དང་བཙན་བྱོལ་ནང་གི་འབྲེལ་ཡོད་བོད་མི་གཉིས་ནས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

གོང་ཞུས་གནས་ཚུལ་མཁོ་སྤྲོད་པས་མུ་མཐུད་བརྗོད་དོན་ལ། ཕྱི་ལོ་༢༠༢༠ལོར་ནོར་འཛིན་དབང་མོ་ལགས་འཇུ་བཟུང་བྱེད་སྐབས། ས་གནས་ཉེན་རྟོག་པས་ཐོག་མར་ནོར་འཛིན་དབང་མོ་ལགས་ཞིབ་བཤེར་ཁང་དུ་ཆུ་ཚོད་ཉི་ཤུའི་རིང་བཀག་ཉར་བྱས་ཡོད་པ་དང་། རྐང་ལག་གཉིས་ཀར་ལྕགས་སྒྲོག་བརྒྱབ་ནས་སྐར་མ་ཁ་ཤས་རིང་ནང་མིར་ཐུག་ཏུ་བཅུག་ཡོད་ཀྱང་། ནང་མི་ཚོས་སྤྲད་པའི་གྱོན་ཆས་དང་ཅ་དངོས་གང་ཡང་ལེན་བཅུག་མེད་པ་དང་། ཁོ་མོར་ཕྱི་ལོ་༢༠༢༠ཟླ་༥པའི་ནང་ཆུ་དམར་ལེབ་རྫོང་མི་དམངས་ཁྲིམས་ཁང་གིས་གསང་བའི་ཁྲིམས་ར་ཚོགས་ནས་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

རྒྱ་ནག་གཞུང་གིས་དེ་སྔ་ནས་བོད་ནང་གི་རང་ལུས་མེར་བསྲེགས་གནང་མཁན་ཚོའི་གནས་ཚུལ་གླེང་སློང་དང་ཕྱི་བསྒྲགས་སོགས་ཀྱི་ཐད་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་པ་དང་། བཙན་བྱོལ་ནང་གནས་སྡོད་འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པས་ནོར་འཛིན་དབང་མོ་ལགས་དང་རང་ལུས་མེར་བསྲེགས་གནང་མཁན་བསྟན་འཛིན་ཤེས་རབ་ལགས་གཉིས་བར་གཉེན་ཉེ་སྤུན་མཆེད་སོགས་ཀྱི་འབྲེལ་བ་གང་ཡང་མེད་པ་དང་། བཙོན་ཁང་དུ་ངལ་རྩོལ་ལ་བཀོལ་བ་མང་དྲགས་པས་ཁོ་མོའི་འཕྲོད་བསྟེན་གནས་སྟངས་བདེ་པོ་མེད་པ་ཆགས་ཡོད་པས། བཟའ་ཟླ་ཉི་མ་གཙོས་ནང་མི་ཚོས་བཙོན་ཁང་དུ་སྔ་ཕྱིར་ཐུག་ཐབས་གང་ཡོང་བྱས་ཡོད་ནའང་། ད་ལྟའི་བར་རྒྱ་ནག་གི་འབྲེལ་ཡོད་ཚན་པས་ཐུག་འཕྲད་བྱེད་བཅུག་མེད་པ་བརྗོད་བྱུང་།

ཕྱི་ལོ་༢༠༠༩་ལོའི་ཟླ་༢་བ་ནས་ད་བར་བོད་ནང་དུ་བོད་མི་སྐྱ་སེར་༡༥༨ནས་བོད་དོན་ཆེད་རང་ལུས་མེར་བསྲེགས་གནང་ཡོད་པ་རེད་ལ། རྒྱ་ནག་གི་དམ་དྲག་རྐྱེན་གྱིས་རང་ལུས་མེར་བསྲེགས་དང་དེ་དང་འབྲེལ་བའི་གནས་ཚུལ་མང་པོ་ཡུན་རིང་ཤེས་རྟོག་མ་ཐུབ་པ་བྱུང་གི་ཡོད་པ་བཞིན། ཐེངས་འདིར་ནོར་འཛིན་དབང་མོ་ལགས་ཀྱི་གནས་ཚུལ་དེ་ཡང་ལོ་གཅིག་དང་ཟླ་བརྒྱད་རིང་ཤེས་རྟོག་ཐུབ་མེད་པ་རེད། ནོར་འཛིན་དབང་མོ་ལགས་ཀྱི་སྐྱེས་ཡུལ་དངོས་དེ་ཡུལ་ཤུལ་ཁྲི་འདུ་རྫོང་སྡོམ་མདའ་ཞང་སྐར་ཆེན་སྡེ་བའི་རུ་ཆེན་དང་པོ་ནས་ཡིན་པ་དང་། ཕྱི་ལོ་༢༠༡༦ལོར་ཁོང་མོ་ཡུལ་ཤུལ་ཆུ་དམར་ལེབ་རྫོང་ཆིག་སྒྲིལ་གྲོང་རྡལ་སྔོན་ལུང་སྡེ་བའི་ནང་གནས་ལ་སོང་ཡོད་པ་དང་། ད་ལྟའི་ཆར་ཁོ་མོའི་ཤུལ་དུ་བཟའ་ཟླ་ཉི་མ་དང་བུ་ཕྲུག་གསུམ་བཅས་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བསྟན་འཛིན་དཀོན་མཆོག་ལགས་ཀྱིས་ཡུ་ཀྲུབ་སྤྱི་ཚོགས་དྲ་ལམ་ཐོག་རྗེས་འབྲང་པ་ས་ཡ་གཅིག་ལྷག་བྱུང་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎