རྒྱ་གར་དང་བལ་ཡུལ་གཙོས་བོད་མི་གནས་ཡུལ་ས་གནས་གང་སར་རྒྱལ་བའི་སྐུ་ཕྱྭའི་ཞབས་རིམ་སྒྲུབ་བཞིན་འདུག

2024.06.21
རྒྱ་གར་དང་བལ་ཡུལ་གཙོས་བོད་མི་གནས་ཡུལ་ས་གནས་གང་སར་རྒྱལ་བའི་སྐུ་ཕྱྭའི་ཞབས་རིམ་སྒྲུབ་བཞིན་འདུག བལ་ཡུལ་དུ་རྒྱལ་བའི་སྐུ་ཕྱྭའི་ཞབས་རིམ་སྒྲུབ་བཞིན་པ།
CTA

སྤྱིར་ནམ་རྒྱུན་འཛམ་གླིང་གི་ཡུལ་གྲུ་གང་སའི་བོད་མི་གནས་སྡོད་བྱེད་ཡུལ་གང་སར་དུས་ནས་དུས་སུ་བོད་བསྟན་སྲིད་མི་རིགས་བདེ་ཐབས་དང་། བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གི་སྐུ་ཕྱྭའི་ཞབས་རིམ་ཆེད་སྒྲུབ་གནང་བཞིན་པ་དང་། ལྷག་པར་དུ་ད་རེས་༧གོང་ས་མཆོག་ཨ་རིའི་ནང་ཞབས་པུས་སྨན་བཅོས་ཆེད་ཆིབས་བསྒྱུར་སྐྱོང་བཞིན་པར་བརྟེན་ས་གནས་གང་སར་བོད་མི་ཚོས་ཞབས་བརྟན་སྐུ་རིམ་གསོག་བསྒྲུབ་དང་དམིགས་བསལ་སྨན་བླའི་གཟུངས་སྔགས་གྲངས་གསོག་གནང་བཞིན་པ་རེད།
བལ་ཡུལ་དུ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་དབུ་ཁྲིད་པའི་མཧཱ་གུ་རུའི་འབུམ་ཚོགས་གོ་སྒྲིག་ཚོགས་ཆུང་ཞེས་བལ་ཡུལ་གྱི་རྒྱལ་ས་ཀཐཱ་མན་ཀྲོའུ་ཁུལ་དུ་གནས་སྡོད་བོད་རིགས་མང་ཚོགས་ཀྱིས་ཕྱི་ལོ་༡༩༧༨ནས་བཟུང་མཧཱ་གུ་རུའི་འབུམ་ཚོགས་དང་། ༧རྒྱལ་བའི་སྐུ་ཕྱྭའི་༧ཞབས་རིམ་ལོ་ལྟར་གནང་མུས་ལྟར་འདི་ལོ་ཡང་མཧཱ་གུ་རུའི་འབུམ་ཚོགས་གོ་སྒྲིག་ཚོགས་ཆུང་གིས་ཕྱི་ལོ་༢༠༢༤ཟླ་བ་༦ཚེས་༡༤ནས་༡༧ཉིན་གྲངས་བཞིའི་རིང་གོ་སྒྲིག་ཞུས་པ་ལས་ཉིན་གསུམ་བྱང་གཏེར་རིག་འཛིན་གདུང་སྒྲུབ་ཀྱི་སྒོ་ནས་འབུམ་ཚོགས་དང་། ཉིན་བཞི་པ་༧རྒྱལ་བའི་སྐུ་ཕྱྭའི་༧ཞབས་རིམ་ཆེད་ཞབས་བརྟན་གསོལ་འདེབས་གསོག་སྒྲུབ་གནང་འདུག
ད་རེས་དམིགས་བསལ་སྨན་བླའི་གཟུངས་སྔགས་གྲངས་གསོག་རྒྱ་ཆེར་གནང་བར་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འདབས་ཀྱི་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་རིས་མེད་ཀྱི་དགོན་སྡེ་གྲྭ་ཚང་མང་པོ་ཡོད་པའི་ཁོངས་ནས་དགོན་ཁག་བཅུ་དྲུག་ནས་བོད་བསྟན་སྲིད་ལ་ལར་ཞེན་དང་། ལྷག་པར་༧རྒྱལ་བའི་སྐུ་ཕྱྭའི་ཞབས་རིམ་གལ་ཆེར་བརྩི་ནས་འདི་ལོ་དམིགས་བསལ་འདས་པའི་ལོ་ཤས་གོང་དང་མི་འདྲ་བར་༧སྐྱབས་རྗེ་བླ་སྤྲུལ་མཁན་སློབ་དགེ་བཤེས་སོགས་དབུ་བཞུགས་ཐོག་གྲྭ་བཙུན་གྱི་གྲངས་འབོར་སྟོང་ཕྲག་ལས་བརྒལ་བ་མཉམ་འཛོམས་བྱུང་བ་དང་། སྐབས་དེར་༧ཞབས་རིམ་གསོག་སྒྲུབ་ཆེད་ཉིན་ལྟར་མི་མང་ཡང་དྲུག་བརྒྱ་ལས་བརྒལ་བ་མཉམ་ཞུགས་གནང་ནས་བསྟན་སྲིད་༧ཞབས་རིམ་ལེགས་གྲུབ་བྱུང་བ་མ་ཟད། ཚེས་བཅུའི་ཉིན་རྣམ་དཀར་དགེ་ལ་དཀར་པའི་དད་སྦྱིན་མི་ཉུང་བ་ཞིག་ལ་དགེ་བསྐུལ་ཞུས་པ་ཇི་བཞིན་མ་འོངས་མཧཱ་གུ་རུའི་འབུམ་ཚོགས་ཀྱི་མཆོད་རྒྱུན་སྲ་བརྟན་སླད་ཐེབས་རྩའི་མ་དངུལ་སྤྱི་འཇོག་གི་ལས་གཞི་འཕར་མ་ཞིག་སྤེལ་བར་གཏོང་ཕོད་ཅན་རྣམས་ནས་ཀྱང་མ་དངུལ་མཐུན་འགྱུར་གང་ལེགས་གནང་ཡོད་པའི་གནས་ཚུལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་སྟེང་གནས་ཚུལ་སྤེལ་འདུག

India.jpg
རྒྱ་གར་ལྷོ་ཕྱོགས་སུ་རྒྱལ་བའི་སྐུ་ཕྱྭའི་ཞབས་རིམ་སྒྲུབ་བཞིན་པ། པར། CTA
དེ་བཞིན་ཕྱི་ལོ་༢༠༢༤ལོའི་ཕྱི་ཟླ་༦པའི་ཚེས་༡༩ཉིན་རྒྱ་གར་ལྷོ་ཕྱོགས་ཀྱི་བོད་མིའི་གཞིས་ཆགས་ཆེ་ཤོས་མོན་གྷོ་འདོད་རྒུ་གླིང་མི་མང་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཕྱྭའི་ཆེད་ཞབས་རིམ་དང་། ལྷག་པར་དུ་༧གོང་ས་མཆོག་ཨ་རིའི་ནང་ཞབས་པུས་སྨན་བཅོས་ཆེད་ཆིབས་བསྒྱུར་ཐད་ཞབས་བརྟན་སྐུ་རིམ་བསྒྲུབ་གནང་ཡོད་པ་དང་། ཞབས་བརྟན་གསོལ་འདེབས་དེར་དགའ་ལྡན་བླ་སྤྱིའི་དབུ་མཛད་དང་དགའ་ལྡན་ཤར་རྩེ་གྲྭ་ཚང་དང་བྱང་རྩེ་གྲྭ་ཚང་གི་དབུ་མཛད། དེ་མིན་དགའ་ལྡན་ཤར་རྩེ་དགོན་པའི་དགེ་བཤེས་ལྔས་དབུ་ཁྲིད་དེ་ཐེངས་འདིའི་ཞབས་རིམ་གསོག་སྒྲུབ་ལ་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ཀྱི་མང་ཚོགས་བདུན་བརྒྱ་ཙམ་མཉམ་ཞུགས་གནང་འདུག


གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གཞུང་གིས་ལྷ་མོ་ཀིརྟི་དགོན་པའི་ནང་བསྟན་སློབ་གྲྭའི་སློབ་ཕྲུག་ཚོ་བཙན་ཐབས་ཀྱིས་གཞུང་གཉེར་སློབ་གྲྭར་གཏོང་བཞིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཤེས་རིག་བཀའ་བློན་མཆོག་གིས་བོད་མིའི་སློབ་གྲྭ་ཁག་གཙོས་རྒྱ་གར་ལྷོ་ཕྱོགས་སུ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎