བསང་གསོལ་དང་ཆོས་ཕྱོགས་ཀྱི་ལས་དོན་བྱས་པས་བོད་མི་ལྔ་འཛིན་བཟུང་དང་གཅིག་རྡུང་རྡེག་གིས་འདས་གྲོངས་སུ་སོང་ཡོད་འདུག
ཕྱི་ཟླ་༨ཚེས་༢༤ཉིན་རྒྱ་ནག་གཞུང་གིས་དཀར་མཛེས་ཁུལ་གསེར་རྟ་རྫོང་ཁེས་སྐོར་ཡུལ་ཚོའི་ཨ་བོས་དཀྱིལ་རི་མགོ་སྡེ་བ་ནས་ཡིན་པ། ཡུལ་དེའི་བོད་མི་ཚོས་ཆོགས་ཕྱོགས་ཀྱི་ལས་དོན་གཉེར་ཆེད་བསྐོ་བཞག་བྱས་པ་བོད་མི་ཕྱུར་དར་དགེ་ལོ། ཚེ་རྡོ། འབའ་མོ། ཀོ་རིས་བཅས་ནས་རི་མགོར་བསང་གསོལ་དང་ལབ་རྩེ་བསྟད་པ། ཞབས་རིམ་བསྒྲུབས་པ་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་གཉེར་བ་དེ་དག། ཁྲིམས་འགལ་ཡིན་སྐོར་བརྗོད་ནས་འཛིན་བཟུང་བཙན་ཁྲིད་ཀྱིས་གསེར་རྟ་རྫོང་བཙོན་ཁང་དུ་རྡུང་རྡེག་མནར་གཅོད་ཤུགས་ཆེར་བཏང་སྟེ། བོད་མི་དར་ཕྱུག་ལགས་བཙོན་ཁང་ནས་དམར་གསོད་བཏང་ཡོད་པ་དང་། གཞན་དག་སྔར་བཞིན་དཀར་མཛེས་ཁུལ་བཙོན་ཁང་ཁྲིད་དེ་བཀག་ཉར་འོག་ཡོད་པ། བཙན་བྱོལ་ནང་ཡོད་པའི་འབྲེལ་ཡོད་བོད་མི་གཉིས་ནས་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་གནས་ཚུལ་མཁོ་སྤྲོད་པ་གཅིག་ནས་མུ་མཐུད་བརྗོད་དོན་ལ། རྡུང་རྡེག་མནར་གཅོད་རྐྱེན་གྱིས་འདས་གྲོངས་སུ་སོང་བའི་བོད་མི་དར་ཕྱུག་ལགས་སུ་དེ་སྔ་ན་ཚ་སོགས་གང་ཡང་མེད་ན་ཡང་། རྒྱ་ནག་ཉེན་རྟོག་པས་ཕྱི་ཟླ་༨ཚེས་༢༦ཉིན་ནང་མིར་ཁོང་ཉེན་རྟོག་ཁང་དུ་གློ་བུར་འདས་གྲོངས་སོང་ཡོད་པས་ཕུང་པོ་ལེན་དུ་ཡོང་དགོས་སྐོར་བརྗོད་ཡོད་པ་དང་། སྐབས་དེར་ཁོང་གི་ཕ་རྒན་དང་ནང་མི་ཚོ་ཕུང་པོ་ལེན་དུ་འགྲོ་སྐབས། དར་ཕྱུག་ལགས་གློ་བུར་གྲོངས་བ་ལས་ཉེན་རྟོགས་པས་བསད་པ་མིན་པའི་ས་ཡིག་སོགས་བཙན་ཐབས་ཀྱིས་བརྒྱབ་བཅུག་སྟེ། ཕུང་པོ་ནང་དུ་འཁྱེར་བཅུག་ཡོད་པ་དང། དེ་མིན་བོད་མི་བཞི་དེ་བདུན་ཕྲག་གཅིག་རིང་གསེར་རྟ་རྫོང་གི་བཙོན་ཁང་དུ་བཀག་ཉར་བྱས་རྗེས། ཕྱི་ཟླ་༨ཚེས་༣༡ཉིན་དཀར་མཛེས་ཁུལ་བཙོན་ཁང་དུ་བཙན་ཁྲིད་ཀྱིས་བཀག་ཉར་འོག་བཞག་སྟེ་ད་དུང་བཙོན་བཅུག་ཁྲིམས་ཐག་བཅད་མེད་ན་ཡང་། མི་རིང་བར་ཁྲིམས་ཐག་གཅོད་རྒྱུའི་དོགས་གཞི་ཡོད་པ་དང་། ཁོང་ཚོའི་ནང་མིར་ཐུག་འཕྲད་དང་ཟས་གོས་སོགས་རྩ་ནས་མཁོ་སྤྲོད་བྱེད་བཅུག་གི་མེད་པ་བརྗོད་བྱུང་།
བོད་མི་དེ་དག་གྲོང་སྡེའི་མི་མང་གིས་ཆེད་དུ་བསྐོ་བཞག་བྱས་ཏེ། ཁོང་ཚོས་རྒྱུན་གཏན་ཡུལ་མི་ཚོར་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་གོ་སྒྲིག་བྱེད་ཀྱི་ཡོད་འདུག་ལ། འབྲེལ་ཡོད་བོད་མི་གཞན་དེས་དེང་སྐབས་གསེར་རྟ་དང་མགོ་ལོག་ཕྱོགས་སུ་ཆོས་ཕྱོགས་ཐད་ནས་ཁང་པའི་སྒོ་ཁར་དར་ལྕོགས་ཙམ་ཡང་འཛུགས་མི་ཆོག་པ་དང་། དེ་བཞིན་རི་མགོ་ནས་བསང་གསོལ་རིགས་ཀྱིས་ཁོར་ཡུག་ལ་གནོད་སྐྱོན་ཡོད་སྐོར་བརྗོད་བཀག་འགོག་ཤུགས་ཆེར་བྱེད་བཞིན་ཡོད་པ་དང་། ཡུལ་ཕྱོགས་འདིར་མི་སོགས་འདས་གྲོངས་སུ་འགྲོ་སྐབས་དུར་དར་ལྕོགས་འཛུགས་སྲོལ་ཡོད་པ་གཅིག་ཀྱང་བྱེད་བཅུག་གི་མེད་པ་དང་། ཐེངས་འདིར་བོད་མི་དེ་དག་ལ་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་བའི་ཉེས་མིང་གཡོག་པ་ལས་གཞན་ཁོ་ཚོས་བྱ་བ་ངན་པ་གང་ཡང་བསྒྲུབས་མེད་པ་འགྲེལ་བརྗོད་གནང་གི་འདུག
འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རྡུང་རྡེག་རྐྱེན་གྱིས་འདས་གྲོངས་སུ་སོང་བའི་བོད་མི་དར་ཕྱུག་ལགས་ནི་ལོ་ན་༥༢ཡིན་པ་དང་། ཁོང་གི་ཤུལ་དུ་ལོ་ན་རྒས་པའི་ཕ་མ་གཉིས་ལྷག་ཡོད་པ་དང་། ཁོང་གི་ཉེ་འབྲེལ་ཚོས་ཁོང་ནམ་རྒྱུན་ནས་ན་ཚ་མེད་མེད་པས། རྒྱ་ནག་ཉེན་རྟོག་པས་བསད་པ་ཡིན་པའི་རྒྱུ་མཚན་བཤད་ཡོད་ཀྱང་། རྒྱ་གཞུང་ཉེན་རྟོག་པས་ཁས་ལེན་རྩ་ནས་བྱས་མེད་པ་དང་། གསེར་རྟ་རྫོང་གི་ཉེན་རྟོག་པས་ཁོང་ཚོས་ཕྱུག་དར་བསད་མེད་ཀྱང་། ཉེན་རྟོག་པས་ཕྱུར་དར་གྱི་ཤུལ་ལུས་ནང་མི་རྣམས་ལ་རྒྱ་སྒོར་འབུམ་གཅིག་དང་། ནང་མི་རེ་རེར་ལོ་ལྟར་སྒོར་ཁྲི་གཅིག་རེ་སྤྲོད་རྒྱུ་བྱས་ཡོད་ཀྱང་། དེ་ནི་རྒྱ་ནག་ཉེན་རྟོག་པས་ཕྱུག་དར་གྱི་ནང་མི་དང་ཉེ་འབྲེལ་ཚོས་ཁོང་གི་ཕུང་པོ་གང་མགྱོགས་ཁྱིམ་དུ་ཁྱེར་ཆེད་ཡིན་པ་ལས། ད་བར་ཁོང་གི་ཤུལ་ལུས་ནང་མིར་སྒོར་མོ་གཅིག་ཀྱང་སྤྲད་མེད་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།