བོད་མི་ཕེ་རན་སིར་སླེབས་ནས་ལོ་༥༠འཁོར་བའི་དུས་དྲན།
2012.06.27
༄༅༎ཕེ་རན་སི་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཕེ་རན་སིའི་ནང་བོད་མི་ཐོག་མར་སླེབས་ནས་ལོ་ངོ་བལྔ་ཅུ་འཁོར་བའི་དུས་དྲན་ལ་སྲུང་བརྩི་ཞུས་ཡོད་འདུག
ཕྱི་ཚེས་༢༢ཉིན་ཕ་རན་སི་བོད་དོན་དོན་གཅོད་ལས་ཁང་དང་ ཕེ་རན་སི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པས་ ཟུང་འབྲེལ་ཐོག་ནས་གོ་སྒྲིག་གནང་སྟེ་ ཕེ་རན་སིའི་ནང་བོད་མི་སློབ་ཕྲུག་ཐོག་མ་འབྱོར་ནས་ལོ་ངོ་ལྔ་ཅུ་འཁོར་བའི་དུས་དྲན་ལ་སྲུང་བརྩི་ཞུས་ཡོད་ཅིང་ དུས་དྲན་གྱི་མཛད་སྒོའི་ཐོག་ཕ་རན་སིའི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཇོན་ཕེརེང་ཀོཨེ་ཧམ་སྦཏ་དང་གྲོས་ཚོགས་གོང་མའི་འཐུས་མི་ཨན་ཌེརེ་ག་ཏོ་ལིན་རྣམ་གཉིས་ཆེད་ཕེབས་གནང་ཡོད་པ་དང་ དེ་མིན་ཕ་རན་སི་གྲོས་ཚོགས་ཀྱི་འཐུས་མི་ཟུར་པ་ཁག་ཅིག་དང་ ཕེ་རན་སི་ནང་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ གཞུང་འབྲེལ་མིན་པའི་ཚོགས་པ་ ས་གནས་བོད་མི་སོགས་མི་གྲངས་སྟོང་ཕྲག་བརྒལ་བ་མཉམ་བཞུགས་གནང་ཡོད་པ་དང་ དུས་དྲན་མཛད་སྒོའི་ཐོག ༡༩༦༢ལོར་ཐོག་མར་ཕ་རན་སིའི་ནང་ཕེབས་མཁན་གྱི་བོད་མི་དྲུག་ཀྱང་མཉམ་བཞུགས་ཀྱིས་ཕེ་རན་སི་གཞུང་དམངས་ཀྱིས་འདས་པའི་ལོ་ངོ་ལྔ་བཅུའི་རིང་བོད་མི་དང་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞེས་ཞུས་གནང་བ་མ་ཟད་ མ་འོངས་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་འབོད་སྐུལ་གནང་འདུག དེ་དང་ཕྱོགས་མཚུངས་ཕྱི་ཚེས་༢༣དང་༢༤ཉིན་གཉིས་རིང་ཕེ་རན་སི་ནང་ ཧི་མ་ལ་ཡའི་བོད་ཀྱི་རིག་གཞུང་དུས་སྟོན་ཐེངས་བཅུ་གཉིས་པ་དེ་ཚུགས་ཡོད་པ་དང་ ད་རེས་ཀྱི་དུས་སྟོན་དེ་བཞིན་ ཕ་རན་སོ་དོན་གཅོད་ལས་ཁང་དང་བོད་ཁང་གཉིས་མཉམ་འབྲེལ་ཐོག་ནས་གོ་སྒྲིག་གནང་བ་ཡིན་ཞིང་དུས་ཡུན་ཉིན་གཉིས་རིང་གི་དུས་སྟོན་དེའི་ཐོག་བོད་ཀྱི་རིག་གཞུང་དང་ ཁོར་ཡུག གཞས་སྣ་འཁྲབ་སྟོན་ གློག་བརྙན་སྟོན་ཡས་སོགས་ཀྱི་རྣམ་པའི་ཐོག་ནས་བོད་ཀྱི་ལོ་རྒྱུས་དང་ ད་ལྟའི་བོད་ནང་གི་གནས་སྟངས་དངོས་ ས་གནས་མི་མང་ཚོར་ངོ་སྤྲོད་གནང་ཡོད་པ་རེད་ དུས་སྟོན་ཐོག་ནུབ་ཡོ་རོབ་ཁུལ་གྱི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་ དབུ་འབྱེད་མཛད་སྒོ་གནང་བ་དང་འབྲེལ་གཏམ་བཤད་ཡང་སྤེལ་གནང་ཡོད་ཅིང་ ཉིན་གཉིས་རིང་གི་དུས་སྟོན་དེའི་ཐོག་ཚོད་རྩིས་བྱས་ན་ཁྱོན་མི་གྲངས་གསུམ་སྟོང་ལྷག་འཛོམས་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་འཁོད་འདུག