པཎ་ཇབ་མངའ་སྡེའི་སྲིད་སྐྱོང་གིས་ཚེ་རིང་སྒྲོལ་དཀར་ལགས་སུ་ཆེ་མཐོང་རོགས་དངུལ་གནང་འདུག

2021.08.30
པཎ་ཇབ་མངའ་སྡེའི་སྲིད་སྐྱོང་གིས་ཚེ་རིང་སྒྲོལ་དཀར་ལགས་སུ་ཆེ་མཐོང་རོགས་དངུལ་གནང་འདུག ཚེ་རིང་སྒྲོལ་དཀར་ལགས་ཀྱིས་ནད་པར་རོགས་རམ་གནང་བཞིན་པ།
RFA

བོད་མི་གཙོས་ནད་པ་ཉམས་ཐག་ཚོར་སྨན་པ་བསྟེན་གཏུག་ཆེད་དྭང་བླངས་རོགས་རམ་གནང་མཁན་ཚེ་རིང་སྒྲོལ་དཀར་ལགས་སུ་རྒྱ་གར་པཎ་ཇབ་མངའ་སྡེའི་སྲིད་སྐྱོང་གིས་ཧིན་སྒོར་འབུམ་གསུམ་གྱི་རོགས་དངུལ་གནང་འདུག
རྒྱ་གར་པཎ་ཇཱབ་མངའ་སྡེའི་ཅཱན་ལྡིའི་སྒར་གྲོང་ཁྱེར་དུ་སྨན་བཅོས་ཀྱི་མཐུན་རྐྱེན་ཡག་པོ་ཡོད་པས། དེ་གར་རྒྱ་གར་བྱང་ཕྱོགས་ཁུལ་གྱི་བོད་མི་བཙན་བྱོལ་པ་མང་ཆེ་བ་ཛ་དྲག་སྨན་བཅོས་དང་སྨན་པ་བསྟེན་གཏུག་ཏུ་འགྲོ་སྲོལ་ཡོད་ནའང་། སྐད་བརྡ་མི་འཕྲོད་པ་དང་ས་རྒྱུས་མེད་པ། ནད་པ་འདུག་ས་མེད་པ་སོགས་ཀྱི་དཀའ་ངལ་ཡོད་པར་བརྟེན། བོད་རིགས་བུད་མེད་ཚེ་རིང་སྒྲོལ་དཀར་ལགས་ནས་བོད་མི་གཙོས། མི་རིགས་དབྱེ་བ་མེད་པའི་ནད་པ་ཉམ་ཐག་ཚོར་ལྟ་སྐྱོང་དང་སྨན་པ་བསྟེན་གཏུག་ལ་འབྲེལ་མཐུད། ནད་པ་ཉམ་ཐག་ཚོར་སྡོད་གནས་གོ་སྒྲིག་བཅས་ལོ་མང་རིང་རོགས་ཕན་གནང་བ་དང་མུ་མཐུད་གནང་བཞིན་པར་དམིགས་ཏེ། རྒྱ་གར་པཎ་ཇཱབ་མངའ་སྡེའི་སྲིད་སྐྱོང་གི་མཚན་ཐོག་ནས་ཁོང་གི་ཕྱག་ལས་ལ་ཆེ་མཐོང་ངོས་འཛིན་གྱི་ཚུལ་དུ། སྤྱི་ཟླ་༨་པའི་ཚེས་༢༧་ཉིན་ཧིན་སྒོར་འབུམ་གསུམ་གྱི་རོགས་དངུལ་ཕུལ་རྒྱུའི་ཞལ་བཞེས་གནང་ཡོད་པ་མ་ཟད། མངའ་སྡེའི་སྲིད་སྐྱོང་གི་དྲུང་ཆེ་མཆོག་ཚེ་རིང་སྒྲོལ་དཀར་ལགས་དང་དངོས་སུ་མཇལ་འཕྲད་གནང་བ་དང་། ཁོ་རང་ཚོས་དོ་སྣང་སྤྲད་པ་ཡིས་ད་དུང་ནད་པ་རོགས་རམ་གྱི་སེམས་ཤུགས་འཕར་ཡོང་གི་འདུག་ཅེས། ནད་པ་ལ་རོགས་ཕན་སྒྲུབ་པའི་སྤྱི་ཚོགས་ཞབས་ཞུ་བ་ཚེ་རིང་སྒྲོལ་དཀར་ལགས་ནས་འགྲེལ་བརྗོད་གནང་གི་འདུག
པཎ་ཇབ་སྲིད་སྐྱོང་གི་དྲུང་ཆེ་མཆོག་ནས་མོ་རང་གི་ལས་ཀ་ལ་དགའ་མོས་ཡི་རངས་དང་འབྲེལ། རྗེས་མ་ཉེན་རྟོག་པ་དང་སྨན་པ་སོགས་གང་གི་ཐོག་ནས་དཀའ་ངལ་བྱུང་ན་ཁོ་ལ་འབྲེལ་བ་བྱས་ཆོག་པ་དང་། པཎ་ཇབ་མངའ་སྡེའི་རྒྱ་གྲམ་དམར་པོའི་ཚོགས་པ་ལ་ངོ་སྤྲོད་ཀྱིས་རོགས་ཕན་བྱ་དགོས་པའི་འབོད་སྐུལ་གནང་ཡོད་པ་མ་ཟད། མོ་རང་ལ་རྒྱ་གར་པཎ་ཇབ་མངའ་སྡེའི་སྲིད་སྐྱོང་ལས་ཁུངས་ནས་ཡི་གེ་དེ་འབྱོར་བ་དང་ཆབས་ཅིག དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བསྟན་འཛིན་སྟག་ལྷ་མཆོག་ལའང་འབྲེལ་བ་གནང་སྟེ། ཁོང་གིས་བསྔགས་བརྗོད་གནང་བ་འགྲེལ་བརྗོད་གནང་གི་འདུག
དགའ་ལྡན་ཕོ་བྲང་ཡིག་ཚང་གིས་སྤྱི་ཟླ་༨་པའི་ཚེས་༣༠་ཉིན། རྒྱ་གར་པཎ་ཇབ་མངའ་སྡེའི་སྲིད་སྐྱོང་གི་དྲུང་ཆེ་མཆོག་ལ་ཕྱག་རིས་ཤིག་ཕུལ་བའི་ནང་། ང་ཚོས་ཚེ་རིང་སྒྲོལ་དཀར་བརྒྱུད་ཁྱེད་རང་གིས་ཁོང་གི་སྤྱི་ཚོགས་ཞབས་ཞུ་ལ་བྱམས་བརྩེས་གཟིགས་སྐྱོང་དང་རོགས་སྦྱིན་གནང་བ་ཤེས་རྟོགས་བྱུང་ཞིང་། ཚེ་རིང་སྒྲོལ་དཀར་གྱི་སྐོར་ལོ་ཤས་གོང་ནས་ཤེས་རྟོགས་ཡོད་ཁར། མོ་རང་གིས་སྨན་བཅོས་ཀྱི་དགོས་མཁོ་ཆེ་བའི་མི་ཚོའི་རེ་བ་བསྐོང་བར་རོགས་ཕན་གནང་བ་ནི་ཡི་རངས་ཆེན་པོ་གནང་དགོས་པ་ཞིག་དང་། ཁ་མིན་དོན་གྱིས་བྱམས་བརྩེའི་ཉམས་ལེན་ཞིག་ཡིན་པར་ཡིད་ཆེས་ཡོད་པས། ཁྱེད་རང་གིས་མོ་ལ་རྒྱབ་རོགས་གནང་བར་ཐུགས་རྗེ་ཆེ་ཞུ་ཞེས་འཁོད་ཡོད་ཅིང་། ཚེ་རིང་སྒྲོལ་དཀར་ལགས་ནི་བཙན་བྱོལ་ནང་འཚར་ལོངས་སློབ་སྦྱོང་གནང་སྟེ། འདས་པའི་ལོ་ངོ་ཉི་ཤུ་ལྷག་གི་རིང་རིན་མེད་ཀྱི་ཐོག་ནས་ནད་པ་ལ་རོགས་རམ་གནང་མཁན་ཞིག་ཆགས་ཡོད་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎