རྒྱ་ནག་གཞུང་དང་འབྲེལ་བའི་ཁུང་ཙིའི་ལྟེ་གནས་ཁང་དང་འབྲེལ་ལམ་གཅོད་རྒྱུ་ཡིན་འདུག

2020-01-16
གློག་འཕྲིན།
མཆན།
Share
པར་བཀོད།
ཁུང་ཙི་ཞིབ་འཇུག་ལྟེ་གནས་ཁང་གི་ལས་རྟགས།
ཁུང་ཙི་ཞིབ་འཇུག་ལྟེ་གནས་ཁང་གི་ལས་རྟགས།
དྲ་བཤུས་དང་སྒྲིག་བཟོ།

ཨ་རིའི་ནང་གི་མེ་སོའུ་རེ་གཙུག་ལག་སློབ་གྲྭ་ཆེན་མོས་རྒྱ་ནག་གཞུང་དང་འབྲེལ་བ་ཧ་ཅང་ཆེ་བའི་ཁུང་ཙིའི་ལྟེ་གནས་ཁང་དང་འབྲེལ་ལམ་གཅོད་རྒྱུ་ཡིན་པ་རེད།
ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་འཐུས་མི་(JoshHawley)་མཆོག་གིས་དེ་སྔོན་མེ་སོའུ་རེ་(Missouri)་གཙུག་ལག་སློབ་གྲྭ་ཆེན་མོས། རྒྱ་ནག་གཞུང་གི་ཤེས་རིག་ལས་ཁུངས་བརྒྱུད་ནས་འགྲོ་སོང་བཏང་སྟེ་གསར་འཛུགས་བྱས་པའི་ཁུང་ཙིའི་ལྟེ་གནས་ཁང་དང་འབྲེལ་ལམ་གཅོད་དགོས་པའི་གནོན་ཤུགས་ཀྱང་སྤྲད་གནང་ཡོད་པ་རེད། མེ་སོའུ་རེ་(Missouri)་གཙུག་ལག་སློབ་གྲྭ་ཆེན་མོས་རྒྱ་ནག་གི་ཁུང་ཙིའི་ལྟེ་གནས་ཁང་དང་འབྲེལ་ལམ་གན་རྒྱ་བཞག་པ་དེ་འདི་ལོའི་ཕྱི་ཟླ་བརྒྱད་པའི་ནང་མཚམས་འཇོག་བྱ་རྒྱུ་ཡིན་པ་འདི་ཚེས་༡༥་གཟའ་ལྷག་པའི་ཉིན་ཕྱི་བསྒྲགས་བྱས་འདུག་ལ། དེ་ནི་དེ་སྔོན་གན་རྒྱ་བཞག་པ་དེའི་དུས་ཡུན་མ་རྫོགས་པའི་ཟླ་བ་དྲུག་གི་གོང་ལ་མཚམས་འཇོག་བྱས་པ་ཞིག་ཡིན་འདུག ཡིན་ན་ཡང་གཙུག་ལག་སློབ་གྲྭ་ཆེན་མོ་དེའི་རྒྱའི་སྐད་ཡིག་སྦྱང་མཁན་ཚོས་སློབ་སྦྱོང་མུ་མཐུད་རྒྱུར་མེ་སོའུ་རེ་(Missouri)་མངའ་སྡེའི་ཁོལུམ་བྷེ་ཡ་(Columbia)་རྫོང་ཁོངས་ཀྱི་སློག་གྲྭ་ཁག་གི་ནང་ནས་རྒྱ་སྐད་སློབ་ཁྲིད་ཀྱི་ལས་འཆར་ལ་རྒྱབ་སྐྱོར་མུ་མཐུད་ནས་གནང་རྒྱུ་ཡིན་པ་དང་། རྫོང་དེས་རྒྱའི་སྐད་ཡིག་སློབ་ཁྲིད་ཐུབ་པའི་དགེ་རྒན་ཚད་ལྡན་འཚོལ་རྒྱུ་ཡིན་སྐོར་མེ་སོའུ་རེ་(Missouri)་མངའ་སྡེའི་རྫོང་གཙུག་ལག་སློབ་གྲྭ་ཆེན་མོའི་འགོ་འཛིན་གཞོན་པའི་ལས་ཚབ་(Mary Stegmaier)་ལགས་ཀྱིས་གསུངས་འདུག
ཨ་མི་རི་ཀའི་ཕྱི་སྲིད་ལས་ཁང་གིས་སྔ་ལོའི་ཕྱི་ཟླ་བདུན་པའི་ནང་(Columbia)་འི་ནང་གཟིགས་སྐོར་བྱས་སྐབས། མེ་སོའུ་རེ་(Missouri)་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་གི་རྒྱ་ནག་གཞུང་དང་འབྲེལ་བ་ཡོད་པའི་ཁུང་ཙིའི་ལྟེ་གནས་ཁང་གིས་ལས་དོན་སྤེལ་སྐབས། གཙུག་ལག་སློབ་གྲྭ་ཆེན་མོའི་སྒྲིག་གཞི་དང་འགལ་སྲིད་པའི་བྱེད་སྒོ་མང་པོ་ཡོང་བཞིན་པ་ཤེས་རྟོགས་བྱུང་བ་དང་། དེ་དག་གཙུག་ལག་སློབ་གྲྭ་ཆེན་མོ་དེས་ནོར་བཅོས་ཡོ་བསྲང་བྱེད་དགོས་པའི་ལམ་སྟོན་ཡང་གནང་འདུག
ཁུང་ཙིའི་ལྟེ་གནས་ཁང་ཁག་ནི་རྒྱ་ནག་གཞུང་གིས་འགྲོ་སོང་བཏང་ནས་ཕྱི་ལོ་༢༠༠༤་ལོ་ནས་རྒྱ་ནག་ཕྱི་ཕྱོགས་སུ་འགོ་བཙུགས་པ་དང་། ད་ལྟའི་ཆར་འཛམ་གླིང་གང་སར་ཁུང་ཙིའི་ལྟེ་གནས་ཁང་ཁྱོན་བསྡོམས་༥༠༠་ལྷག་དང་། ཨ་མི་རི་ཀའི་ནང་༡༠༠་ལྷག་ཡོད་ཅིང་། རྒྱ་ནག་གི་ཁུང་ཙི་ལྟེ་གནས་ཁང་ཁག་གི་ལས་ཀ་བྱེད་སྟངས་མ་འགྲིག་པའི་དབང་གིས་མང་པོ་ཞིག་གིས་འབྲེལ་ལམ་བཅད་ཡོད་པ་རེད། མེ་སོའུ་རེ་(Missouri)་གཙུག་ལག་སློབ་གྲྭ་ཆེན་མོ་དང་ཁུང་ཙིའི་ལྟེ་གནས་གཉིས་འབྲེལ་བ་ཐོག་མར་ཕྱི་ལོ་༢༠༡༡་ལོར་བྱུང་སྟེ། ལོ་ལྔའི་རིང་གན་རྒྱ་བཞག་པ་དེ་ཕྱི་ལོ་༢༠༡༦་ལོར་བསྐྱར་གསོ་བྱས་པ་ཞིག་ཡིན་འདུག


མཆན། (0)
Share
དྲ་གནས་ཆ་ཚང༌།