བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་འཕོ་འགྱུར་ཐད་ཉམས་ཞིབ།

2021.10.20
བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་འཕོ་འགྱུར་ཐད་ཉམས་ཞིབ། བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་འཕོ་འགྱུར། ཝང་ཅུན་ཀྲེན་(Wang Junzheng)
སྒྲིག་བཟོ།/RFA

རྒྱ་ནག་གཞུང་གིས་ཝང་ཅུན་ཀྲེན་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེར་བསྐོ་གཞག་བྱས་པ་དེས་འབྱུང་འགྱུར་བོད་ཀྱི་ཆོས་དང་རིག་གཞུང་ཐོག་དམ་དྲག་ཇེ་ཆེར་གཏོང་སྲིད་པ་འབྲེལ་ཡོད་ཉམས་ཞིབ་པས་འགྲེལ་བརྗོད་གནང་བྱུང་།
དེ་སྔ་ཡུ་གུར་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་འགོ་གཙོ་གཞོན་པ་བྱས་མྱོང་མཁན་ཝང་ཅུན་ཀྲེན་(Wang Junzheng)་སྤྱི་ཟླ་༡༠་ཚེས་༡༩་ཉིན་རྒྱ་ནག་གཞུང་གིས་དབྱེས་བའི་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེར་བསྐོ་གཞག་བྱས་ཡོད་པ་རྒྱ་ནག་གཞུང་གིས་ཕྱིར་བསྒྲགས་བྱས་ཡོད་པ་དང་། དེའི་ཐད་བོད་མིའི་སྒྲིག་འཛུགས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས། ཝང་ཅུན་ཀྲེན་ནི་རྒྱ་ནག་དམར་ཤོག་ཚོགས་པར་ཧ་ཅང་གི་དགའ་མོས་བྱེད་མཁན་ཞིག་ཡིན་པའི་ཁར། ཞི་ཅིན་ཕིང་གི་ལྟ་བ་ལངས་ཕྱོགས་དང་མཐུན་པའི་རྒྱ་ནག་གི་འགོ་ཁྲིད་ཅིག་ཡིན་པ་མ་ཟད། མ་འོངས་པར་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་སྐབས། ཞི་ཅིན་ཕིང་ཁོང་རང་གི་དབང་ཚད་མུ་མཐུད་གནས་རྒྱུའི་ཆེད་དུ། ཁོང་རང་ཉིད་དང་འབྲེལ་བ་ཡག་པོ་ཡོད་པའི་མི་སྣ་དེ་དག་འཆར་གཞི་དང་ལྡན་པའི་སྒོ་ནས་བྱུས་བསྐོ་བྱེད་ཀྱི་ཡོད་པ་ཚོད་དཔག་གནང་གི་འདུག་ལ། འདས་པའི་ལོ་རྒྱུས་ལ་གཞིགས་ན། བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བྱེད་མྱོང་མཁན་དང་བོད་མིར་དྲག་གནོན་བྱེད་མཁན་རྒྱ་ནག་གི་དཔོན་རིགས་དེ་དག་རིམ་པས་རྒྱ་ནག་གི་དཔོན་རིགས་མཐོ་གྲས་ཆགས་འགྲོ་ཡི་ཡོད། གང་ལྟར་ཡང་། ཝང་ཅུན་ཀྲེན་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེར་བསྐོ་གཞག་བྱས་པ་དེས་འབྱུང་འགྱུར་བོད་ཀྱི་ཆོས་དང་རིག་གཞུང་ཐོག་དམ་དྲག་ཇེ་ཆེར་གཏོང་སྲིད་པ་རེད་ཅེས་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཝང་ཅུན་ཀྲེན་ཚུད་པའི་རྒྱ་ནག་གི་དཔོན་རིགས་ཁག་ཅིག་ལ་ཉེས་ཆད་བཀེལ་ཡོད་ཀྱང་རྒྱ་ནག་གཞུང་ཕྱོགས་ནས་དེ་སྣང་མེད་གཏོང་གི་ཡོད་པ་རྒྱལ་སྤྱིའི་སྤྱི་ཚོགས་ལ་བརྡ་ལན་མཚོན་ཆེད་དུ་ཡང་ཡིན་སྲིད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཡང་བོད་རྒྱའི་གནད་དོན་ཉམས་ཞིབ་པ་ཀུན་དགའ་བཀྲིས་ལགས་ཀྱིས་གསུངས་ན། རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་པིང་དུས་ཡུན་ལོ་ལྔ་རྫོགས་གྲབས་ཡོད་པའི་སྐབས་འདིར་རྒྱ་ནག་ནང་གི་ཞིང་ཆེན་རིམ་པའི་དཔོན་རིགས་ཁག་འཕོ་འགྱུར་གཏོང་བ་འདི་སྤྱིར་སྟངས་རྒྱ་ནག་གི་ལོ་ལྔ་རེའི་འཕོ་འགྱུར་ཞེས་བའི་འགྲོ་སྟངས་ཞིག་ཡིན་ན་ཡང་། འཕོ་འགྱུར་གཏོང་སྟངས་ལ་བལྟས་ན། ཆབ་སྲིད་ཉམས་ཞིབ་པ་མང་པོས། ༢༠༢༢་ལོར་ཞི་ཅིན་ཕིང་རྒྱ་ནག་གི་སྲིད་འཛིན་མུ་མཐུད་དུ་འདུག་ཐུབ་ཆེད། དབུས་དང་ས་གནས་གང་ནས་མི་འདོད་པའི་རྣམ་འགྱུར་དང་ངོ་རྒོལ་བྱེད་མཁན་བྱུང་ཚེ་སྟངས་འཛིན་དང་རྩ་མེད་བཟོ་ཆེད་ཡིན་པ་ངོས་འཛིན་བྱེད་ཀྱི་འདུག ད་རེས་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་དབང་འཛིན་པ་མཐོ་ཤོས་དམར་ཤོག་ཚོགས་པའི་དྲུང་ཆེ་གསར་པར་བསྐོ་བཞག་བྱས་པའི་(Wang Junzheng)་ནི་དེ་སྔ་ཤིན་ཅང་ངམ་ཡུ་གུར་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་འགོ་གཙོ་གཞོན་པ་དང་། དེ་བཞིན་ཤིན་ཅང་ཁུལ་དུ་དྲག་གནོན་གྱི་སྲིད་ཇུས་ལག་བསྟར་གཙོ་བོ་བྱེད་མཁན་ཡུ་གུར་ཐོན་སྐྱེད་འཛུགས་བསྐྲུན་དམག་སྡེ་ཟེར་བའི་འགོ་གཙོ་དང་ཆབ་སྲིད་འགོ་ཁྲིད་སོགས་བྱས་མྱོང་བས། འདི་ལོར་ཨ་རིའི་གཞུང་གིས་ཡུ་གུར་ནང་དྲག་གནོན་བྱེད་མཁན་གྱི་རྒྱ་ནག་གི་འགོ་ཁྲིད་ཁག་ཅིག་ལ་དཔལ་འབྱོར་ཉེས་ཆད་བཀལ་བའི་གྲས་སུ་ཡོད་པས། ཕྱོགས་གཅིག་ནས་རྒྱ་ནག་གཞུང་གིས་ཨ་རིར་བསྙས་བརྐོ་བྱས་པ་ཞིག་དང་། ཕྱོགས་གཞན་ཞིག་ནས་བོད་ནང་དུ་མ་འོངས་པར་དམ་དྲག་ཇེ་ཆེར་གཏོང་རྒྱུའི་བརྡ་བསྟན་པ་དཔྱད་བརྗོད་གནང་གི་འདུག
ཡིན་ན་ཡང་བོད་དོན་ཉམས་ཞིབ་པ་(Robert Barnett)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། བོད་ནང་བོད་མི་ཚོས་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་གྱི་མེད་པར་འཚེ་མེད་ཞི་བའི་ལས་འགུལ་སྤེལ་གྱི་ཡོད་སྟབས། དེང་སྐབས་ཤིན་ཅང་ནང་དུ་ལག་བསྟར་བྱེད་བཞིན་པའི་དྲག་གནོན་ཆེན་པོ་དེ་ལྟ་བུ་རྒྱ་ནག་གཞུང་གིས་བོད་ནང་དུ་ཕལ་ཆེར་ལག་བསྟར་བྱེད་རྒྱུ་མ་རེད་བསམ། ཡིན་ན་ཡང་ང་ཚོས་སེམས་འཚབ་བྱེད་དགོས་པ་ཤིག་རེད་ཅེས་གསུངས་བྱུང་།
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཞིག་གིས་གནས་ཚུལ་དེའི་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་ཡིག་ཐོག་བརྒྱུད། ད་ལྟའི་ཨ་རིའི་གཞུང་འཛིན་གྱི་ངོས་ནས་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་གང་བྱུང་འཛིན་བཟུང་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། ང་ཚོའི་ངོས་ནས་རྒྱ་ནག་གི་དབང་འཛིན་པ་ཚོར་བོད་ནང་གི་བོད་མི་ཚོའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་དང་། ཆོས་དང་རིག་གཞུང་སྲུང་སྐྱོབ་ཀྱི་ཐོབ་ཐང་སྤྲོད་དགོས་བའི་འབོད་སྐུལ་བྱེད་བཞིན་ཡོད་ལ་དེ་དང་མཉམ་དུ་རྒྱ་ནག་གི་དབང་འཛིན་པ་ཚོས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་འགན་ཁུར་ཆེད་ཨ་རིསའི་ངོས་ནས་དགོས་ངེས་ཀྱི་བྱེད་ཐབས་ཡོད་ཚད་བེད་སྤྱོད་བྱེད་རྒྱུའི་བསམ་བློ་གཏོང་བཞིན་པ་བཀོད་འདུག
ཡང་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་(Jim McGovern)་ལགས་ཀྱིས། ཝང་ཅུན་ཀྲེན་ནི་ཤིན་ཅང་གི་ཁུལ་དུ་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་གྱིས་མི་རིགས་སྡེབ་གསོད་སོགས་ཀྱི་ནག་ཉེས་ཡོད་པའི་མི་སྣ་ཞིག་ཡིན་པས། ད་རེས་རྒྱ་ནག་གཞུང་གིས་ཁོང་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེར་བསྐོ་བཞག་བྱས་བར་བློ་ཚབས་ཆེན་པོ་བྱུང་། སྤྱིར་སྟངས་ཁོང་དེ་སྔ་ཨ་རིའི་གཞུང་གིས་ཉེས་ཆད་བཀལ་བའི་ཁོངས་སུ་ཡོད་པས་རྒྱ་ནག་གཞུང་གིས་དེ་ལ་རྩིས་མེད་ཀྱི་རྣམ་པ་སྟོན་ཐབས་བྱས་པ་ཡིན་ན་ཡང་། ཁོང་གི་བྱ་སྤྱོད་ལ་བརྟེན་མ་འོངས་བོད་ནང་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱེད་སྲིད་པ་དེ་ལ་བློ་ཚབས་ཆེ་བ་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
ཝང་ཅུན་ཀྲེན་ནི་དེ་སྔོན་སྤྱི་ལོ་༢༠༡༩་ལོ་ནས་ཡུ་གུར་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་རྒྱུན་ལས་དང་། ཕྱི་ལོ་༢༠༢༠་ལོ་ནས་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་དམག་གསུམ་གྱི་འགན་ཁུར་གནང་འདུག་ཅིང་། སུ་ཝེ་ཌན་(Sweden)་ནང་གནས་སྡོད་འཛམ་གླིང་ཡུ་གུར་ལྷན་ཚོགས་(World Uyghur Congress)་ཀྱི་མགྲིན་ཚབ་པ་སྐུ་ཞབས་(Dilshat Rishit)་ལགས་ཀྱིས། དེ་སྔ་ཝང་ཅུན་ཀྲེན་ཤར་ཏུར་ཀིསུ་ཐན་གྱི་སྲིད་ཁྲིམས་ལྷན་ཁང་གི་དྲུང་ཆེ་དང་དམར་ཤོག་ཚོགས་པའི་དྲུང་ཆེ། དམག་དཔུང་གི་དབང་ཆ་བཅས་དབང་འཛིན་བྱེད་པའི་སྐབས་། ཡུ་གུར་མི་རིགས་ཀྱི་འགྲོ་འདུག་རང་དབང་དང་བསམ་བློའི་རང་དབང་བཅས་ལ་དམ་དྲག་སྟངས་འཛིན་ནན་པོ་དང་། དྲག་གནོན་འཇིགས་སྐུལ་བསུན་གཙེར་ཚབས་ཆེན་བྱས་ཡོད་པ་མ་ཟད། ཁོ་ནི་ཡུ་གུར་མི་རིགས་རྩ་གཏོར་གཏོང་མཁན་གྱི་ཁྲིམས་འགལ་ཅན་གྱི་མི་ཞིག་ཡིན་པས། ཨ་མི་རི་ཀ་དང་དབྱིན་ཡུལ། ཁ་ན་ཌ། ཡོ་རོབ་སྤྱི་མཐུན་བཅས་ནས་ཁོ་ལ་དམ་དྲག་ཉེས་ཆད་བཏང་ཡོད། རྒྱ་ནག་གཞུང་གིས་བོད་མི་རིགས་དང་ཡུ་གུར་མི་རིགས་གཉིས་ནི་གཅིག་མཚུངས་སུ་རྒྱ་ནག་རྒྱལ་ཁབ་ཀྱི་དགྲ་བོ་ལྟབུར་ངོས་འཛིན་བྱེད་ཀྱི་ཡོད་པས། ཡུ་གུར་མི་རིགས་རྩ་མེད་དང་སྡེབ་གསོད་གཏོང་བའི་སྲིད་བྱུས་ལག་བསྟར་གྲུབ་པ་དང་བསྟུན། སྲིད་བྱུས་དེ་ཚོ་ལག་ལེན་བསྟར་མཁན་གྱི་མགོ་ཁྲིད་ཁག་བོད་དུ་ཆེད་གཏོང་གིས། བོད་ཀྱི་བདེ་སྡུག་ལས་དབང་དེ་ཡང་ཡུ་གུར་མི་རིགས་དང་འདྲ་བར། འཆར་གཞི་དང་དམིགས་ཡུལ་ལྡན་པའི་སྒོ་ནས་ཆབ་སྲིད་དྲག་གནོན་བྱ་འཆར་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ནི་བོད་མིའི་སྒྲིག་འཛུགས་བཀའ་ཤག་སྐབས་༡༦་པའི་བོད་རྒྱ་འབྲེལ་མོལ་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་མི་ཡིན་ཞིང་། ཁོང་གིས། གཞི་རྩའི་ཆ་ནས་བོད་རྒྱ་འབྲེལ་མོལ་གནད་དོན་དེ་རྒྱ་ནག་དམར་ཤོག་ཚོགས་པའི་འཐབ་ཕྱོགས་གཅིག་གྱུར་ཁང་གིས་འགན་ཁུར་གྱི་ཡོད་པ་ལས་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཚོ་གནད་དོན་དེ་དང་ཐད་ཀར་འབྲེལ་མེད་པ་ལྟ་བུ་རེད། འོན་ཀྱང་། བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཚོས་བོད་རྒྱ་འབྲེལ་མོལ་ཡོང་བར་ཤུགས་རྐྱེན་ཏན་ཏན་སྤྲོད་ཐུབ་ཀྱི་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ཝང་ཅུན་ཀྲེན་ནི་ཧྲན་ཏུང་སློབ་ཆེན་གྱི་སྤྱི་ཚོགས་རིང་ལུགས་སྡེ་ཚན་དུ་སྤྱི་ཚོགས་རིང་ལུགས་ཆེད་ལས་སློབ་སྦྱོང་གནང་ཡོད་པ་དང་། ཕྱི་ལོ་༡༩༨༧་ལོ་ནས་དམར་ཤོག་ཚོགས་པའི་ནང་་འཛུལ་ཞུགས་བྱས་ཏེ། སྤྱི་ལོ་༢༠༠༥་ལོ་ནས་ཡུན་ནན་ཞིང་ཆེན་གྱི་མཐོ་རིམ་མི་དམངས་ཁྲིམས་ཁང་གི་འགོ་འཛིན་གཞོན་པ་དང་། ཕྱི་ལོ་༢༠༡༣་ལོ་ནས་ཧུའུ་པེ་ཞིང་ཆེན་དམར་ཤོག་ཚོགས་པའི་རྒྱུན་ལས་བྱས་མྱོང་ཡོད་འདུག

གསར་འགོད་པ། བསྟན་འཛིན་བདེ་སྐྱིད། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དགེ་འདུན་པ་བསྟན་འཛིན་མཁྱེན་རབ་ལགས་ཀྱི་ཨ་མ་སྦོ་རྡེ་ལགས་སེམས་འཁྲལ་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎