དཀར་མཛེས་རྟའུ་ཕྱོགས་སུ་མུ་མཐུད་ཏོག་དབྱིབས་ནད་འབུ་གསར་བ་ཁྱབ་བཞིན་འདུག


2020-02-14
Share
བོད་ནང་ཉེན་རྟོག་པས་ཏོག་དབྱིབས་ནད་འབུ་སྔོན་འགོག་བྱེད་བཞིན་པ། ༢༠༢༠།༢ བོད་ནང་ཉེན་རྟོག་པས་ཏོག་དབྱིབས་ནད་འབུ་སྔོན་འགོག་བྱེད་བཞིན་པ། ༢༠༢༠།༢
བོད་འབྱོར།

དཀར་མཛེས་རྟའུ་རྫོང་དུ་ཏོག་དབྱིབས་ནད་འབུ་གསར་བའི་ནད་པ་༦་ཇེ་མང་དུ་སོང་ཡོད་པ་དང་ཀན་ལྷོ་ཁུལ་དུ་ནད་པ་གསར་པ་༡་ཐོན་འདུག
དེ་ཡང་སྤྱི་ཟླ་ ༢ ་ཚེས་ ༡༣ ་ཉིན་དཀར་མཛེས་ཁུལ་རྟའུ་རྫོང་དུ་ཏོག་དབྱིབས་ནད་འབུ་གསར་བ་འགོས་པའི་ནད་པ་གསར་བ་ ༦ ་དང་། ཀན་ལྷོའམ་མདོ་ལྷོ་གཙོད་གྲོང་ཁྱེར་ནང་ནད་པ་གསར་བ་ ༡ ་ཐོན་ཡོད་པ་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་སྤྱི་ཚེས་ ༡༤ ་ཉིན་གནས་ཚུལ་སྤེལ་འདུག
གནས་ཚུལ་ནང་བཀོད་པ་ལྟར་ན། རྟའུ་ཕྱོགས་སུ་གསར་ཏུ་ཐོན་པའི་ནད་པ་དྲུག་པོ་དེ་དག་ཚང་མ་ས་གནས་གཞན་གང་ལ་ཡང་ཕྱིན་མེད་པར་རྟའུ་ཕྱོགས་སུ་གནས་སྡོད་བྱེད་མཁན་ཡིན་པ་རེད་ལ། ད་ཆ་དཀར་མཛེས་ཁུལ་དུ་ཁྱོན་ཡོངས་སུ་ཏོག་དབྱིབས་ནད་འབུ་གསར་བའི་ནད་པ་བསྡོམས་ ༤༣ ་ཐོན་པའི་ནང་གི་མང་ཆེ་ཤོས་རྟའུ་རྫོང་གི་ཁྱིམ་ཚང་གསུམ་གྱི་ནང་མི་ཉེ་འབྲེལ་ཡིན་འདུག
འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་རྒྱ་ནག་གཞུང་འབྲེལ་གསར་ལམ་དང་གཞན་གསར་ལམ་ཁག་གི་གྲངས་ཐོར་ཞིབ་འཇུག་མཉམ་བསྡུར་བྱས་བ་ལྟར་ན། འདི་གའི་ཚེས་ ༡༤ ་ཉིན་བར། བོད་མི་གནས་སྡོད་ལྗོངས་དང་ཞིང་ཆེན་ཁག་ལྔའི་ནང་ཏོག་དབྱིབས་ནད་འབུ་གསར་བའི་འགོས་ནད་བྱུང་བའི་ནད་པའི་གྲངས་འབོར་ནི། རྒྱ་ནག་གིས་བརྗོད་བཞིན་པའི་བོད་རང་སྐྱོང་ལྗོངས་ཁུལ་ལྷ་ས་གྲོང་ཁྱེར་ནང་ནད་པ་མི་གྲངས་ ༡ ་ཐོན་ཡོད་པ་དེ་སྤྱི་ཟླ་ ༢ ་ཚེས་ ༡༢་ཉིན་ནད་གཞི་སངས་དྲག་སོང་བའི་འགྲོ་ལུགས་གཉེར་ནས་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པ་ནས་ཁ་བྲལ་ཡོད་པ་རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་བརྒྱུད་ལམ་དུ་གནས་ཚུལ་སྤེལ་ཡོད་པ་རེད།  དེ་བཞིན་མཚོ་སྔོན་ཟི་ལིང་དུ་ནད་པ་ ༡༥ ་དང་། མཚོ་བྱང་ཁུལ་དུ་ནད་པ་༣ སི་ཁྲོན་དཀར་མཛེས་ཁུལ་དུ་ནད་པ་༤༣ ༼དེའི་ནང་ ༣༨ ་རྟའུ་རྫོང་ནས་ཡིན༽ རྔ་བ་ཁུལ་དུ་༡ ཀན་ལྷོའམ་མདོ་ལྷོ་ཁུལ་དུ་བསྡོམས་ནད་པ་༨ བཅས་བྱུང་འདུག
གཞན་སྤྱི་ཡོངས་ནས་འདི་གའི་སྤྱི་ཟླ་ ༢ ་པའི་ཚེས་ ༡༤ ་ཉིན་གྱི་ཞོགས་པ་བར། རྒྱ་ནག་ནང་མི་གྲངས་༦༤༤༩༧་ལྷག་ལ་ནད་ཡམས་དེ་འགོས་ཡོད་པ་གཏན་འཁེལ་བྱུང་བ་དང་། དེའི་ཁྲོད་ཀྱི་ནད་པ་མི་གྲངས་༡༣༨༤་ཙམ་གྲོངས་འདུག་ལ་རྒྱ་ནག་ཝུའུ་ཧན་ནས་ད་ཆ་འཛམ་གླིང་གི་ཡུལ་གྲུ་ཁག་ ༢༥ ་ཙམ་གྱི་ནང་ནད་ཡམས་དེ་ཁྱབ་ཡོད།
རྒྱ་ནག་འཕྲོད་བསྟེན་ལྷན་ཁང་གི་དཔོན་རིགས་མཐོ་གྲས་ཙང་ཡིའི་ཤིང་གིས། ཕྱི་ཚེས་༡༤་ཉིན་གནས་ཚུལ་ཕྱིར་བསྒྲགས་བྱས་པའི་ནང་། ཏོག་དབྱིབས་ནད་འབུ་གསར་པར་འགོག་ཐབས་ཀྱི་ལས་དོན་ནང་སྨན་པ་༡༧༡༦་ལྷག་ཙམ་ལ་ནད་འབུ་དེ་འགོས་ཡོད་པ་དང་། དེའི་ནང་ནས་སྨན་པ་དྲུག་རྐྱེན་འདས་སུ་ཕྱིན་ཡོད་ཅིང་། ནད་འབུ་འགོས་པའི་སྨན་པའི་གྲངས་འབོར་ནང་ནས་ཧུའུ་པེ་ཞིང་ཆེན་ཁོངས་སུ་སྨན་པ་༡༥༠༢་ཡོད་པའི་ཁོངས་ཝུའུ་ཧན་གྲོང་ཁྱེར་གཅིག་པུའི་ནང་སྨན་པ་༡༡༠༢་ཙམ་ལ་ནད་འབུ་དེ་འགོས་པའི་གནས་ཚུལ་བྱུང་ཡོད་པ་བརྗོད་ཡོད་འདུག
རྒྱ་ནག་གི་ཕྱི་ལ་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་ཁྱབ་གདལ་མང་ཤོས་དེ་ཉི་ཧོང་གི་(Yokohoma)་མཚོ་ཁའི་གྲོང་ཁྱེར་གྱི་གྲུ་གཟིངས་འབབ་ཚུགས་སུ་ཟུར་བཀག་བྱས་པའི་སྤྲོ་སྐྱིད་གྲུ་གཟིངས་ནང་། ད་ཕན་འགྲུལ་མི་གྲངས་༢༡༨་ལ་ཏོག་དབྱིབས་ནད་འབུ་དེ་འགོས་ཡོད་པ་ར་སྤྲོད་བྱུང་ནས་མང་ཤོས་ཆགས་ཡོད་པ་མ་ཟད། རེས་གཟའ་ཕུར་བུའི་ཉིན་ལོ་ན་༨༠་ལོན་པའི་ཉི་ཧོང་གི་བེུད་ཞིག་ནད་དུག་དེས་རྐྱེན་པས་གྲོངས་འདུག་ལ་དེ་ནི་ཉི་ཧོང་ནང་ཏོག་དབྱིབས་ནད་འབུའི་ནད་ཡམས་ཁྲོད་གྲོངས་པ་དང་པོ་དང་། རྒྱ་ནག་གི་ཕྱི་ལ་གསུམ་པ་དེ་ཆགས་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།