ཞི་ཅིན་ཕིན་གྱིས་ཕུ་ཊེན་དང་ཐུག་འཕྲད་རྗེས་ཡུཀ་རེན་གྱི་གནད་དོན་ཐད་དྲང་བདེན་བྱེད་ཀྱི་ཡོད་ལུགས་བརྗོད་འདུག
དེ་ཡང་ཚེས་༢༠ཉིན་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིན་ར་ཤེ་ཡར་བསྐྱོད་ནས་ར་ཤེ་ཡའི་སྲིད་འཛིན་(Vladimir Putin)་ཕུ་ཊེན་དང་ཐུག་འཕྲད་རྗེས། ཕྱི་ཚེས་༢༡ཉིན་པེ་ཅིན་གཞུང་གིས་ར་ཤེ་ཡ་དང་ཡུཀ་རེན་གཉིས་ཀྱི་གདོང་ཐུག་གནད་དོན་ཐད་དྲང་བདེན་གྱི་ལངས་ཕྱོགས་འཛིན་གྱི་ཡོད་ལུགས་དང་། གནད་དོན་དེ་བཞིན་ཞི་བའི་ཐོག་ནས་ཕན་ཚུན་གྲོས་མོལ་བྱ་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་སྐོར་བརྗོད་པ་རོཡེ་ཊར་གསར་སྤེལ་ཁང་གིས་ལུངས་འདྲེན་གྱིས་གནས་ཚུལ་སྤེལ་འདུག ད་དུང་ཡུལ་གཉིས་ཀྱི་དཔོན་རིགས་ཐུག་འཕྲད་རྗེས་ར་ཤེ་ཡའི་དཔོན་རིགས་ཀྱིས་རྒྱ་ནག་དང་ར་ཤེ་ཡའི་ཆེས་མཐོའི་དཔོན་རིགས་རྣམ་གཉིས་བར་འབྲེལ་བའི་སྒོ་མོ་ཕྱེ་བ་དང་མཛའ་གྲོགས་ཀྱི་རྣམ་པའི་ཐོག་ནས་གྲོས་མོལ་གནང་ཡོད་ཚུལ་བརྗོད་ཡོད་འདུག
ད་རེས་ཞི་ཅིན་ཕིང་ར་ཤེ་ཡར་ཕྱོགས་བསྐྱོད་སྐབས། ར་ཤེ་ཡའི་སྲིད་འཛིན་ཕུ་ཊེན་གྱིས་ཞི་ཅིན་ཕིན་ལ་དགའ་བསུའི་སྣེ་ལེན་ཞུས་པ་དང་འབྲེལ་ཡུལ་གྲུ་གཉིས་ཀྱི་བར་མུ་མཐུད་དུ་འབྲེལ་ལམ་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད་སྐོར་དང་། མ་འོངས་བར་མུ་མཐུད་དུ་ཞི་ཅིན་ཕིན་དང་འབྲེལ་ལམ་བྱ་རྒྱུའི་འདུན་པ་ཡོད་པའི་སྐོར་བརྗོད་ཡོད་འདུག རྒྱ་ནག་དང་ར་ཤེ་ཡའི་དཔོན་རིགས་བར་ད་རེས་གྲོས་མོལ་ཐུག་འཕྲད་འགྲུབ་རྗེས། རྒྱ་ནག་དང་ར་ཤེ་ཡའི་བར་འཐབ་གྲོགས་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་ནས་ར་ཤེ་ཡས་རྒྱ་ནག་ལ་ནུས་ཤུགས་ཐོན་ཁུངས་མཁོ་འདོན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པའི་སྐོར་ར་ཤེ་ཡའི་སྲིད་འཛིན་ནས་བརྗོད་ཡོད་འདུག
ར་ཤེ་ཡས་ཡུཀ་རེན་ནང་བཙན་འཛུལ་དམག་འཁྲུག་རྒྱག་བཞིན་པའི་ཐད། ཨ་རི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ངོ་རྒོལ་དང་། ར་ཤེ་ཡ་གྲོགས་མེད་ཁེར་རྐྱང་ངང་ལུས་བའི་སྐབས་ཕུ་ཊེན་གྱིས་རང་གི་མཛའ་བརྩེ་ལྡན་པའི་སྟོབས་ཆེན་མནའ་འབྲེལ་གྲོགས་པོ་རྒྱ་ནག་ལ་ངོ་དགའ་བྱས་ནས་ཕྱོགས་མང་པོའི་ཐད་གྲོས་མོལ་བྱེད་འདུན་བྱས་ཡོད།
ཕུ་ཊེན་གྱིས་དམག་འཁྲུག་གི་ཉེས་པ་བསགས་པ་རྒྱལ་སྤྱིའི་ཁྲིམས་ཁང་གིས་ཉེས་འཛུགས་བྱས་ནསའཛིན་བཟུང་བྱེད་རྒྱུའི་བཀའ་བསྒྲགས་པའི་་ཉིན་ཤས་རྗེས་སུ། ཨ་རིས་ཞི་ཅིན་ཕེན་གྱི་ར་ཤེ་ཡའི་གཟིགས་སྐོར་ཐད་སྐྱོན་བརྗོད་བྱས་མིན་ལ་མ་བལྟོས་བར། རྒྱ་ནག་གིས་ར་ཤེ་ཡར་ཕྱི་འབྲེལ་འགེབ་སྲུང་མཁོ་སྤྲོད་ཁྲོད་ནག་ཉེས་མང་དག་ཅིག་མངོན་འགྱུར་བྱེད་དུ་བཅུག་ཡོད་པ་རོཡེ་ཊར་གསར་སྤེལ་ཁང་གིས་བརྗོད་འདུག
ད་རེས་ཞི་ཅིན་ཕེན་ར་ཤེ་ཡར་བསྐྱོད་པ་ནི་ཟླ་འདིའི་ཟླ་སྟོད་དུ། ཞི་ཅིན་ཕེན་གྱིས་སྔར་རྒྱ་ནག་གི་ལོ་རྒྱུས་ཐོག་ལམ་སྲོལ་མེད་པ་འགོ་ཁྲིད་ཀྱི་ལས་ཡུན་ཐེངས་གསུམ་པ་དེ་བླངས་རྗེས། ཕྱི་རྒྱལ་གྱི་གཟིགས་སྐོར་ཐོག་མ་དེ་ཡིན་ཞིང་། ཁོས་མཛའ་བརྩེའི་མནའ་འབྲེལ་ཡུལ་གྲུ་འདི་དང་དཔལ་འབྱོར་འབྲེལ་ལམ་གཏིང་ཟབ་གཏོང་བཞིན་པ་དང་མཉམ་དུ། ད་དུང་རྒྱ་ནག་གིས་རང་ཉིད་ཡུཀ་རེན་གྱི་དམག་འཁྲུག་ཁྲོད་ཀྱི་ཞི་བདེའི་བར་འདུམ་པ་བྱེད་པར་ཚོད་ལྟ་བྱེད་བཞིན་ཡོད་པ་རེད།
ཕུ་ཊེན་དང་ཞི་ཅིན་ཕིན་གཉིས་ཐུག་འཕྲད་སྐབས་ཕན་ཚུན་བར་མཛའ་བརྩེའི་གྲོགས་པོ་ཞེས་འབོད་རེས་བྱས་ཡོད་པ་དང་། དེ་ནས་ཕུ་ཊེན་གྱིས་ཞི་ཅིན་ཕིན་ལ་རྒྱ་ནག་གིས་ཡུཀ་རེན་གྱི་འགལ་ཟླའི་ཐད་བཏོན་པའི་གྲོས་འཆར་ལ་བརྩི་བཀུར་ཡོད་ཚུལ་བརྗོད་ཡོད་པ་དང་། ཞི་ཅིན་ཕེན་གྱིས་ཕུ་ཊེན་ལ་བསྟོད་བསྔགས་བྱས་འདུག
དེ་མིན་ཡུཀ་རེན་གྱི་སྲིད་བློན་གཞོན་པས་ཨི་ཊ་ལིའི་གསར་ཁང་ཞིག་ལ་བརྗོད་པ་ལྟར་ན། རྒྱ་ནག་གི་ཕྱོགས་ནས་ཡུཀ་རེན་ལ་འབྲེལ་བ་བྱས་ནས་རྒྱ་ནག་གིས་བཏོན་པའི་ཞི་བདེའི་གྲོས་གཞིའི་ཐད་གླེང་མོལ་བྱེད་པར་རེ་སྒུག་བྱས་ཡོད་པ་བརྗོད་ཡོད་འདུག
ཨ་རིའི་ཕྱི་སྲིད་དྲུང་ཆེ་(Anthony Blinken)་གྱིས་རྒྱལ་སྤྱིའི་ཁྲིམས་ཁང་གིས་ར་ཤེ་ཡའི་སྲིད་འཛིན་ཕུ་ཊེན་འཛིན་བཟུང་བྱེད་རྒྱུའི་བཀའ་རྒྱ་བཏང་བའི་ཉིན་ཤས་རྗེས། རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིན་ར་ཤེ་ཡར་བསྐྱོད་པ་ནི། ར་ཤེ་ཡས་ཡུཀ་རེན་ནང་དམག་འཁྲུག་གི་ཉེས་བ་བསགས་པར་རྒྱ་ནག་གཞུང་གིས་འགན་མ་ཁུར་བར་སྣང་མེད་བཏང་བ་ཞིག་རེད་ཅེས་སྐྱོན་བརྗོད་གནང་འདུག
གསར་འགོད་པ། འཆི་མེད། ལྕགས་མོ་འཚོ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།