འཛམ་གླིང་གི་དཔལ་འབྱོར་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཉི་ཤུའི་གཞོན་ནུའི་ལྷན་ཚོགས་ལ་དྭགས་སུ་ཚོགས་བཞིན་འདུག

2023.04.27
འཛམ་གླིང་གི་དཔལ་འབྱོར་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཉི་ཤུའི་གཞོན་ནུའི་ལྷན་ཚོགས་ལ་དྭགས་སུ་ཚོགས་བཞིན་འདུག འཛམ་གླིང་གི་དཔལ་འབྱོར་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཉི་ཤུའི་གཞོན་ནུའི་ལྷན་ཚོགས་ལ་དྭགས་སུ་ཚོགས་བཞིན་པ། ༠༤།༢༧།༢༠༢༣
འཕྲིན་ལས་ཆོས་སྒྲོན། /RFA

དེ་ཡང་འདི་ལོའི་འཛམ་གླིང་གི་དཔལ་འབྱོར་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཉི་ཤུའི་(G-20)་དབུ་ཁྲིད་རྣམ་པའི་ལྷན་ཚོགས་དེ་བཞིན་རྒྱ་གར་ནང་ཚོགས་བཞིན་ཡོད་པ་དང་། ལྷན་ཚོགས་དེའི་ཆ་ཤས་ཡིན་པ་(Y20)་གཞོན་ནུའི་ལྷན་ཚོགས་དེ་བཞིན་རྒྱ་གར་ལ་དྭགས་སུ། རྒྱལ་ཁབ་༣༠འི་གཞོན་སྐྱེས་༡༠༠ལྷག་འཛོམས་ནས་འདི་ཚེས་༢༦ནས་༢༨བར་ཉིན་གསུམ་གྱི་རིང་ཚོགས་བཞིན་པ་དང་། ལ་དྭགས་ས་གནས་གཞུང་གི་སྲིད་སྐྱོང་གཞོན་པ་(B. D. Mishra)་ལགས་ཀྱིས། ཚོགས་ཆེན་དེ་བཞིན་ད་རེས་ལ་དྭགས་ས་གནས་སུ་ཚོགས་པ་དེས་རྒྱལ་སྤྱིའི་མི་མང་ལ་དམིགས་གསལ་བརྡ་ལན་ཞིག་སྤྲོད་ཀྱི་ཡོད་པ་གསུངས་ཡོད་པ་རེད།
འཛམ་གླིང་གི་དཔལ་འབྱོར་ཡར་ཐོན་ཅན་གྱི་རྒྱལ་ཁབ་༢༠འི་ནང་རྒྱ་ནག་ཡོད་ན་ཡང་། རྒྱ་ནག་དང་རྒྱ་གར་བར་ལ་དྭགས་སོགས་སུ་དུས་ནས་དུས་སུ་ས་མཚམས་རྩོད་རྙོག་བྱུང་གི་ཡོད་པ་དང་། རྒྱ་གར་དང་པ་ཀི་སི་ཐན་(Pakistan)་བར་(Srinagar)་ས་ཁུལ་ཐད་མཐུན་གྱི་མེད་པ་སོགས་ལ་བརྟེན། ད་རེས་ལ་དྭགས་ས་གནས་སུ་ཚོགས་བཞིན་པའི་དཔལ་འབྱོར་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཉི་ཤུའི་གཞོན་སྐྱེས་ལྷན་ཚོགས་ཐོག་རྒྱ་ནག་དང་པ་ཀི་སི་ཐན་གྱི་སྐུ་ཚབ་ཡོང་མི་འདུག དེའི་ཐད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་དམག་དོན་ཉམས་ཞིབ་ལྟེ་གནང་ཁང་(CLAWS)་གི་འགན་འཛིན་ཟུར་པ་དང་། རྒྱ་གར་གྱི་དམག་དཔོན་ཟུར་པ་སྐུ་ཞབས་(Gend hruv katoch)་ལགས་ཀྱིས། ལ་དྭགས་དང་ཀ་ཤེ་མུ་རེས་གཉིས་ལ་འདི་ལྟ་བུའི་ཚོགས་ཆེན་ཚོགས་པ་དེས། ས་གནས་དེ་གཉིས་རྒྱ་གར་གྱི་ཆ་ཤས་ཡིན་པ་རྒྱ་ནག་ཙམ་མིན་པར་འཛམ་གླིང་ལ་ར་སྤྲོད་བརྡ་ལན་སྤྲད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པར་གསུང་ཡོད་པ་རེད།
ཡར་ཐོན་ཅན་གྱི་རྒྱལ་ཁབ་ཉི་ཤུ་ནི་འཛམ་གླིང་ནང་དཔལ་འབྱོར་དང་མི་འབོར་གྱི་ཆ་ནས་སྟོབས་ཆེན་ཡར་ཐོན་ཡིན་པའི་རྒྱལ་ཁབ་ཁག་ཉི་ཤུ་ཡིན་པ་དང་། དེའི་ལྷན་ཚོགས་ཐོག་གཙོ་བོ་གྲོས་བསྡུར་ནི་གཞོན་སྐྱེས་ཚོས་མ་འོངས་པའི་ལས་ཀ་བྱེད་སྟངས་དང་། གནམ་གཤིས་འགྱུར་ལྡོག རྐྱེན་ངན་དང་ཉེན་ཁ་ཉུང་དུ་གཏོང་ཐབས། མཉམ་འཛོམས་མཉམ་ལས། ཞི་བདེ་བསྐྲུན་ཐབས་དང་འགྲིག་འཇགས་ཡོང་ཐབས། འཕྲོད་བསྟེན་དང་རྩེད་མོ་བཅས་ཀྱི་ཐོག་གོ་བསྡུར་གནང་རྒྱུ་རེད་འདུག
ཨོསི་ཊརེ་ལི་ཡ་(Australia)་ནས་ཡིན་པ་(Roya)་ལགས་ཀྱིས། ད་རེས་(Y20)་ཚོགས་ཆེན་ལ་ཁོང་གི་བརྗོད་གཞི་གཙོ་བོ་དེ། འཛམ་གླིང་ནང་ཞི་བདེ་བསྐྲུན་ཐབས་ཡིན། རྒྱལ་ཁབ་འདྲ་མིན་བར་རྩོད་རྙོག་བྱུང་དུས་མཚོན་ཆ་ཉུང་དུ་གཏོང་རྒྱུ་དང་ཡང་དམིགས་གསལ་གྱི་བུད་མེད་ཀྱི་བདེ་སྡུག་ཐོག་འབད་དགོས་བ་གསུང་བྱུང་།
ད་རེས་ཚོགས་ཆེན་དང་བསྟུན་ལ་དྭགས་ས་གནས་ཀྱི་གཞོན་སྐྱེས་ཚོང་པ་ཚོས་ས་གནས་རང་གི་ཚོང་ཟོག་འགྲེམས་སྟོན་དང་མཉམ་བཙོང་གི་འདུག་ལ། དེར་གཞོན་སྐྱེས་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་དགའ་སྤོབས་བྱེད་ཀྱི་འདུག ད་དུང་ཚོགས་བཅར་བ་ཚོ་ལ་དྭགས་ས་གནས་ཀྱི་ས་ཕྱོགས་གཞན་དང་། ནང་པའི་དགོན་རྙིང་། ཡང་ས་དང་སེང་གེ་གཙང་པོ། ཟངས་དཀར་རྒྱུག་ཆུ་གཉིས་ཐུག་སའི་ས་ཆ་སོགས་སུ་ལྟ་སྐོར་བྱེད་རྒྱུ་ཡང་ས་གནས་འཛིན་སྐྱོང་གྱིས་གྲ་སྒྲིག་བྱས་ཡོད་འདུག
ད་རེས་ལ་དྭགས་ས་གནས་སུ་ཚོགས་བཞིན་པ་ནི་(Y20 Pre summit)་སྔོན་འགྲོའི་ཚོགས་ཆེན་ཡིན་པ་དང་། ཚོགས་ཆེན་དེ་དངོས་སུ་འདི་ལོའི་ཕྱི་ཟླ་༨པའི་ནང་ཝ་ར་ན་སིར་འཚོགས་རྒྱུ་ཡིན་པ་དང་། (G20)་ཚོགས་ཆེན་འཚུགས་སྐབས་འཛམ་གླིང་གི་དཔལ་འབྱོར་ཡར་ཐོན་ཅན་གྱི་རྒྱལ་ཁབ་༢༠ཡི་ཕྱི་སྲིད་བློན་ཆེན་རྣམ་པའི་ལྷན་ཚོགས་ཀྱི་ཚོགས་ཆེན་དེར་གྲ་སྒྲིག་དུ་འཛོམས་པ་ཞིག་རེད་འདུག
(G-20)་ལྷན་ཚོགས་དེའི་ནང་འཛམ་གླིང་གི་དཔལ་འབྱོར་ཡར་ཐོན་ཅན་གྱི་རྒྱལ་ཁབ་༡༩དང་ཡོ་རོབ་མཐུན་ཚོགས་བཅས་ཡོད་པ་དང་། ལྷན་ཚོགས་ཀྱི་ཚོགས་ཆེན་དེ་བཞིན་རྒྱ་གར་ནང་ཚོགས་པ་ཐེངས་མ་དང་པོ་ཆགས་ཀྱི་ཡོད་པ་རེད།


གསར་འགོད་པ། འཕྲིན་ལས་ཆོས་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེས་བལ་ཡུལ་ནང་སེར་སྐྱ་མི་མང་ཁྲི་ཚོ་བརྒལ་བར་ཆོས་འབྲེལ་བཀྲིན་བསྐྱངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རུ་ན་ཅལ་ཁུལ་དུ་ལོ་རྒྱུས་རང་བཞིན་ལྡན་པའི་༸གོང་ས་མཆོག་གི་བྲོས་བྱོལ་ཕེབས་ལམ་དེ་ཉིད་ཉར་ཚགས་ཆེད་ལས་གཞི་མགོ་འཛུགས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎