ལོ་དྲུག་གི་དུས་བཀག་ཁྲིམས་ཐག་བཅད་འདུག
2014.01.02

རྒྱ་ནག་གི་བསང་ཆུ་རྫོང་མི་དམངས་ཁྲིམས་ཁང་གིས་འབོ་ར་དགོན་པའི་དགེ་འདུན་རྒྱ་མཚོ་ལགས་སུ་ལོ་༦གི་དུས་བཀག་ཁྲིམས་ཐག་བཅད་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་དོན། ཉེ་སྔོན་བླ་བྲང་འབོ་ར་དགོན་པའི་ཉེ་འགྲམ་དུ་གཟུངས་འདུས་སྐྱབས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་མཚོན་ཆེད་རང་ལུས་མེར་བསྲེགས་བཏང་བའི་སྐབས། ཨ་མཆོག་གི་ཉེན་རྟོག་པ་བསོད་ནམས་རྡོ་རྗེ་ཞུ་བའི་བོད་མི་ཞིག་དང་། རྒྱ་མིའི་ཉེན་རྟོག་པ་གཅིག་བཅས་ཀྱིས་མེ་གསོད་རྩིས་བྱ་སྐབས་དགེ་འདུན་རྒྱ་མཚོ་ལགས་ཀྱིས་མེ་གསོད་དུ་མ་བཅུག་པ་རེད་ཟེར་ནས་མི་བསད་པའི་ཉེས་འཛུགས་འོག་ལོ་དྲུག་གི་ལོ་དུས་ཁྲིམས་ཐག་བཅད་འདུག འོན་ཀྱང་ནག་ཉེས་དེར་ཁོང་གིས་ཐོག་མ་ནས་ངོས་ལེན་གནང་མེད་པའི་ཐོག་ཁྲིམས་ཐག་གཅོད་པའི་ཉིན་དེར་ཡང་ངོས་ལེན་གནང་མི་འདུག ཁྲིམས་ཐག་གི་ཉིན་དེར་ཁོང་གི་ནང་མི་བཞི་སྐད་བཏང་ཡོད་འདུག
ལྷ་འབུམ་ཐང་རི་འགབ་མ་ནས་ཡིན་པའི་དགེ་འདུག་རྒྱ་མཚོ་ལགས་ནི་རང་ལོ་༤༧་ཡས་མས་ཡིན་པ་དང་། ཁོང་གི་ཨ་མའི་མིང་ལ་བསོད་ནམས་འཚོ་ཞུ་གི་ཡོད་པ་དང་། སྤྱིར་བཏང་ཉིན་དེར་ཁོང་ཙམ་མ་ཡིན་པར་བློ་བཟང་འཕགས་པ་ལགས་དང་། འཇམ་དབྱངས་བཟོད་པ་ལགས་། འཇམ་དབྱངས་བློ་གྲོས་ལགས། འཇམ་དབྱངས་རྒྱ་མཚོ་ལགས་བཅས་དགེ་འདུན་པ་ལྔ་འཛིན་བཟུང་བྱས་ཡོད་ཀྱང་། གཞན་རྣམས་དུས་ཡུན་འདྲ་མིན་བཀག་ཉར་བྱས་ཏེ་གློད་དཀྲོལ་བཏང་ཡོད་པ་དང་། དེའི་ནང་ནས་གཅིག་ཟླ་སྔོན་མའི་ནང་གློད་ཡོད་པ་རེད།
གཞན་ཡང་དེ་སྔོན་ངོ་རྒོལ་སྐབས་འཛིན་བཟུང་བྱས་པའི་འབོ་ར་དགོན་པའི་གྲྭ་པ་གཞན་གཉིས་ལ་ཡང་ལོ་གཉིས་དང་གསུམ་གྱི་ཁྲིམས་ཐག་བཅད་ཡོད་པ་རེད་འདུག
གསར་འགོད་པ་ཚེ་དབང་དངོས་གྲུབ།