རྒྱ་ནག་གཞུང་གིས་བོད་ནང་སློབ་གྲྭ་ཁག་ཏུ་ཁུང་ཙེའི་སློབ་གྲྭ་ཟེར་བ་འཛུགས་རྒྱུ་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་དང་། ཤེས་རྟོགས་བྱུང་བར་གཞིགས་ན། དམིགས་བསལ་སློབ་གྲྭ་ཆུང་བ་དང་འབྲིང་བའི་བོད་ཕྲུག་ཚོར་ཆུང་དུས་ནས་རྒྱ་ནག་གི་སྲོལ་རྒྱུན་རིག་གཞུང་སློབ་སྦྱོང་བྱེད་དུ་འཇུག་གི་ཡོད་འདུག
བོད་དོན་ལས་འགུལ་ལྟེ་གནས་ཁང་གི་ཉམས་ཞིབ་པ་བསྟན་འཛིན་རྡོ་རྗེ་ལགས་ཀྱིས། ཆོས་ཀྱི་ཐོག་ནས་ནང་ཆོས་ཀྱི་ལྟ་གྲུབ་ཧ་ཅང་ཕྱུག་པོ་ཡོད། འཛམ་གླིང་ཐོག་ནས་ཚུར་བོད་པའི་ས་ནས་སྦྱངས་པར་ཡོང་གི་ཡོད། ཡང་འཇིག་རྟེན་ཐོག་ནས་འབྲོག་པའི་རིག་གཞུང་སོགས་ཧ་ཅང་ཕྱུག་པོ་ཡོད། ང་ཚོར་ལྟ་གྲུབ་དང་རིག་གཞུང་ཕྱུག་པོ་ཞིག་ཡོད་བཞིན་དུ་འདི་རྩ་མེད་བཏང་ནས་རྒྱ་ནག་གཞུང་གིས་རྒྱ་མིའི་ལྟ་གྲུབ་རྙིང་པ་འཁྱེར་ཡོང་ནས་བོད་པའི་ཀླད་པའི་ནང་བླུག་གི་ཡོད་དུས་ཧ་ཅང་ཉེན་ཁ་ཆེན་པོ་རེད་བསམ་གྱི་འདུག་ཅེས་གསུངས་བྱུང་།
ཁུང་ཙེའི་ལྟ་གྲུབ་ནི་རྒྱ་མི་རང་གི་ལྟ་གྲུབ་ཡིན་ཞིང་། རྒྱ་ནག་གཞུང་གི་སྲིད་བྱུས་ལྟར་ན། བོད་ཀྱི་སློབ་གྲྭ་ཁག་ཏུ་རྒྱ་ནག་གི་སྲོལ་རྒྱུན་རིག་གཞུང་དང་། རྒྱ་ཡིག དེ་བཞིན་རྒྱ་ནག་གི་ལོ་རྒྱུས་སློབ་གསོ་ཟུང་སྦྲེལ་གྱིས་སྤེལ་བཞིན་ཡོད་པ་དཔེར་ན། གཞིས་རྩེ་ས་ཁུལ་ནང་ཁུང་ཙེའི་སློབ་གྲྭ་ཟེར་བ་བཙུགས་ནས་སློབ་གསོ་རྒྱ་ཆེ་ཤོས་དང་གཏིང་ཟབ་ཤོས་འདི་སྤེལ་བཞིན་ཡོད་པ་དང་། གཞིས་རྩེ་རྣམ་གླིང་རྫོང་གཅིག་པུའི་ནང་སློབ་གྲྭ་ ༡༡༠ ཡི་སློབ་མ་ཁྲི་གཉིས་ལྷག་ཙམ་ཡོད་པར་རྒྱ་ཡིག་གི་《ལུན་ཡུའུ་》སོགས་བསྐྱར་ལྡབ་ཀྱིས་འདོན་བཅུག་པ་དང་། རྒྱ་མི་རིགས་ཀྱི་གོམ་སྲོལ་སོགས་ཀྱི་རིག་གཞུང་སློབ་འཁྲིད་བྱེད་བཞིན་ཡོད་འདུག
མི་འདོད་བཞིན་དུ་སློབ་སྦྱོང་བྱ་དགོས་ཡོང་གི་ཡོད་པ་དང་། འདི་ནི་ཆབ་སྲིད་ཀྱི་རྣམ་འགྱུར་ཞིག་མངོན་གྱི་ཡོད་པ་བོད་ནང་གི་ཕ་མས་འགྲེལ་བརྗོད་གནང་མཁན་བྱུང་ལ། བོད་ཀྱི་སྲོལ་རྒྱུན་རིག་གཞུང་སློབ་སྦྱོང་ཐད་དཀའ་ངལ་ཆེ་རུ་འགྲོ་བཞིན་ཡོད་པ་དང་། རྒྱ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ལ་གུང་གསེང་བཏང་བ་དང་། ཡང་ན་སློབ་གྲྭའི་ནང་དུས་ཆེན་གཏོང་སྲོལ་ངོ་སྤྲོད་བྱས་པ་སོགས་རྒྱ་མིའི་རིག་གཞུང་སློབ་གྲྭའི་སློབ་གསོ་ནང་ཤུགས་ཆེ་རུ་བཏང་ཡོད་པ་བརྗོད་མཁན་ཡང་བྱུང་།
ཁུང་ཙེའི་སློབ་གྲྭ་ཟེར་བ་འདི་བོད་ནང་བཙུགས་ཏེ་ལོ་ངོ་བཅུ་གྲངས་འགྲོ་བཞིན་ཡོད་པ་དང་། གཙོ་བོ་མི་རིགས་ས་ཁུལ་ཁག་ནང་རྒྱ་ཡིག་དང་རྒྱ་ནག་གི་རིག་གཞུང་ཁྱབ་སྤེལ་བྱེད་པའི་ཚན་པ་ཞིག་ཡིན་ཞིང་། རྒྱ་ནག་གཞུང་གིས་འདི་ལྟ་བུའི་ལས་འགུལ་སྤེལ་དོན་ནི་བོད་ཀྱི་སློབ་གསོའི་སྤུས་ཚད་ཇེ་མཐོར་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ལ་ཕན་ཐོགས་ཡོད་པའི་ལས་གཞི་ཞིག་ཡིན་པ། འདི་ལྟ་བུའི་སློབ་གསོ་བརྒྱུད་ནས་བོད་ཕྲུག་ཚོའི་ནང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་ཞེས་པའི་བསམ་བློ་བརྟན་པོ་བཟོ་རྒྱུ་དེ་ཡིན་པ་དྲིལ་བསྒྲགས་བྱེད་བཞིན་ཡོད་འདུག
ཡང་བོད་ཀྱི་སློབ་གྲྭ་ཁག་ནང་དུ་ཁུང་ཙིའི་སློབ་གྲྭ་ཟེར་བ་བཙུགས་ཡོད་པ་མ་ཟད། ད་དུང་བོད་ཕྲུག་ཁུང་ཙིའི་ཕ་ཡུལ་དུ་ཁྲིད་ནས་སློབ་གསོ་བཏང་གི་ཡོད་པ་དཔེར་ན། ཉེ་ཆར་རྒྱ་གར་དང་བོད་ཀྱི་ས་མཚམས་སུ་ཆགས་པའི་ལྷོ་ཁ་མཚོ་སྣའི་བོད་ཕྲུག་ ༤༨ རྒྱ་ནག་ཧྲན་ཏུང་ལ་ཡོད་པའི་ཁུང་ཙེའི་ཕ་ཡུལ་ཆུའུ་ཧྥུ་ལ་འཁྲིད་དེ་བོད་ཕྲུག་ཚོར་ས་ཡུལ་དངོས་ནས་རྒྱ་མིའི་གནའ་སྔ་མོའི་ཆས་གོས་གཡོགས་པ་དང་རྒྱ་མི་རིགས་ཀྱི་གོམ་སྲོལ་སློབ་གསོ་སྤྲོད་ཀྱི་ཡོད་འདུག་ལ། ཡང་གཞིས་རྩེ་ནས་ཀྱང་བོད་ཕྲུག་ཁུང་ཙེའི་ཕ་ཡུལ་ཆུའུ་ཧྥུ་ལ་ཁྲིད་ནས་དངོས་སུ་རྒྱ་མི་རིགས་ཀྱི་རིག་གཞུང་ལ་རྒྱུས་མངའ་དང་མྱོང་རོལ་བྱེད་འཇུག་གི་ཡོད་འདུག
བོད་དོན་ལས་འགུལ་ལྟེ་གནས་ཁང་གི་ཉམས་ཞིབ་པ་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་མུ་མཐུད་གསུངས་པར། ཕྲུ་གུའི་ལྕེ་འདི་རྒྱ་སྐད་ལ་གྱུར་བཞིན་ཡོད་པ་དང་། འདི་མཉམ་དུ་ཕྲུ་གུའི་ཀླད་པ་དང་ཕྲུ་གུའི་གོམ་གཤིས། འཛམ་གླིང་ལ་ལྟ་སྟངས། ཆས་གོས་ལ་སོགས་པ་རྒྱ་མི་ནང་བཞིན་ཞིག་བཟོ་དུས་སྔ་ཕྱི་མ་གཏོགས་ཁུང་ཙིའི་འཛིན་ཁང་འདི་འཕེལ་རྒྱས་ཕྱིན་པ་དང་ཚགས་ཚུད་ཅིག་བྱུང་པ་ཡིན་ཚེ། བོད་པའི་ཕྲུ་གུ་ཧ་ལམ་ཆ་ཚང་རྒྱ་མི་ཡིན་བོད་པ་ཡིན་ངོ་མ་ཤེས་པ་ཞིག་བཟོ་རྒྱུའི་དམིགས་ཡུལ་ཞིག་བཅངས་ཡོད་པ་གསལ་པོ་རེད་བསམ་གྱི་འདུག་ཅེས་གསུངས་བྱུང་།
དེ་མིན་ཡང་བཙན་བྱོལ་དུ་གནས་པའི་བོད་མིས་འདི་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ངོ་མ་དེ་རིམ་བཞིན་མེད་པར་བཟོ་བའི་བྱ་ཐབས་ཤིག་དང་བོད་ཕྲུག་གི་ཀླད་པ་འཁྲུ་བའི་ལས་འགུལ་ཞིག་ཡིན་པར་ངོས་འཛིན་གནང་མཁན་འདུག
ནུབ་ཕྱོགས་ཡུལ་གྲུ་མང་པོའི་མཐོ་སློབ་ནང་ལ་ཡང་ཁུང་ཙེའི་སློབ་གྲྭའམ་ཁུང་ཙེའི་འཛིན་གྲྭ་ཟེར་བ་བཙུགས་ཡོད་པ་འདི་རྣམས་ལ་སྐྱོན་བརྗོད་བྱེད་མཁན་མང་པོ་བྱུང་སྟེ། མང་ཆེ་བ་སྒོ་བརྒྱབ་ཡོད་པ་རེད།།
