བོད་དོན་རྒྱབ་སྐྱོར་ཐོབ་པ་ལ་རྒྱ་གར་གཙོས་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་བོད་དོན་གོ་རྟོགས་རྒྱ་གང་ཆེ་སྤེལ་དགོས་གལ་ཆེ་ཞེས་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་བོད་ཀྱི་དུས་སྟོན་ཉིན་དང་པོར་གསུངས་བྱུང་།
ཐེངས་འདིར་བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་རིག་གཞུང་དུས་སྟོན་གོ་སྒྲིག་ཞུས་པ་ནི། བོད་མི་རྣམས་རྒྱ་གར་དུ་བཙན་བྱོལ་དུ་འབྱོར་ནས་ལོ་ངོ་དྲུག་ཅུ་རེ་ལྔ་འགྲོ་བཞིན་ཡོད་ཀྱང་། ང་ཚོའི་བསམ་བློར་རྒྱ་གར་གྱི་ཡུལ་མ་ིཚོས་བོད་ཀྱི་གནད་དོན་ཆ་ཚང་རྒྱུས་ལོན་མ་བྱུང་པར་གནས་ཡོད་པ་དྲན་གྱི་ཡོད་པ་དང་། ལྷག་པར་རྒྱ་གར་གྱི་མི་རབས་གཞོན་པ་རྣམས་ཀྱི་ཁྲོད་དངོས་ཡོད་བོད་ཀྱི་གཞི་རིམ་གྱི་གནས་ཚུལ་མི་ཤེས་མཁན་ཡོང་གི་ཡོད་པས། རྒྱ་གར་ཙམ་མ་ཟད་སྤྱི་ཚོགས་གང་འདྲ་ཞིག་གི་ནང་དུ་ཡིན་ཡང་བོད་དོན་རྒྱབ་སྐྱོར་འཚོལ་དགོས་ན་བོད་ཀྱི་གནད་དོན་རྒྱ་གང་ཆེ་ཁྱབ་སྤེལ་དགོས་གལ་ཆེ་ཞིང་། ལྷག་པར་རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་བྱེད་བཞིན་པ་ཁག་ལ་གདོང་ལེན་བྱེད་དགོས་གལ་ཆེ་བར་བརྟེན་ནས་དམིགས་པ་ཡིན་ཞེས། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

དེ་ཡང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་དང་རྡ་ས་ས་གནས་འགོ་འཛིན་གཉིས་ཀྱི་གོ་སྒྲིག་འོག བཞུགས་སྒར་གྱི་ཉེ་འདབས་སུ་ཆགས་པའི་རྩེད་ཐང་ (Police ground) དུ་བོད་ཀྱི་རིག་གཞུང་དུས་སྟོན་ཞེས། རྒྱ་གར་ཡུལ་མི་དང་བོད་མི་གཉིས་དབར་གྱི་འབྲེལ་བ་དམ་ཟབ་ཡོད་པ་གསལ་སྟོན་དང་། ས་གནས་མི་མང་ཁྲོད་བོད་དོན་གོ་རྟོགས་སྤེལ་རྒྱུ་དང་། བོད་མི་དང་ས་གནས་མི་མང་དབར་འཆམ་མཐུན་གོང་མཐོར་གཏོང་རྒྱུ་གཙོ་བོར་དམིགས་ཏེ་གོ་སྒྲིག་ཞུས་པ་ཞིག་རེད་འདུག
ཐེངས་འདིའི་བོད་ཀྱི་དུས་སྟོན་ཐོག་ཕེབས་པའི་རྒྱ་གར་ཧི་མ་ཅཱལ་མངའ་སྡེའི་གྲོས་ཚོགས་འཐུས་མི་སུ་དྷིར་ཤར་མ་ལགས་དང་། རྒྱ་གར་བ་ཁག་ཅིག་གིས་བོད་ཀྱི་དུས་སྟོན་འདི་ལྟ་བུས་བོད་དོན་གོ་རྟོགས་སྤེལ་རྒྱུར་ཕན་ཐོགས་ཆེ་བས་དེ་ལྟར་ཡང་ཡང་གོ་སྒྲིག་དགོས་པ་གསུང་གི་འདུག
དེ་ཡང་ཧི་མ་ཅཱལ་མངའ་སྡེའི་གྲོས་ཚོགས་འཐུས་མི་སུ་དྷིར་ཤར་མ་ལགས་ཀྱིས། འདི་ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་དགུ་བཅུར་ཕེབས་པའི་༧སྐུའི་གོ་སྟོན་སྲུང་བརྩི་ཞུ་ཆེད། བོད་ཀྱི་རིག་གཞུང་དུས་སྟོན་དེ་བཞིན་གོ་སྒྲིག་གནང་ཡོད་པ་དེས། བོད་དང་རྒྱ་གར་རིག་གཞུང་གཉིས་ཀྱི་དབར་གནའ་བོའི་འབྲེལ་བ་ཡོད་ཅིང་སྤྱི་ཚོགས་གཅིག་ནང་མཉམ་གནས་བྱེད་བཞིན་ཡོད་པས། འགྲེམས་སྟོན་དེ་ལྟ་བུས་ས་གནས་འདིའི་རྒྱ་གར་ཡུལ་མི་ཙམ་མིན་པར་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ལའང་བོད་དོན་ཐོག་སྤྱི་ཡོངས་ཀྱི་གོ་རྟོགས་སྤེལ་རྒྱུར་ཕན་ཐོགས་བྱུང་ངེས་པས། དེ་ལྟར་རྡ་རམ་ས་ལར་མུ་མཐུད་གོ་སྒྲིག་གནང་ཐུབ་ན་ཕན་ཐོགས་ཆེན་པོ་ཡོང་ངེས་ཡིན་པ་གསུང་གི་འདུག
རྡ་སར་གནས་སྡོད་རྒྱ་གར་བ་ཨར་མན་ལགས་ཀྱིས། ང་རྡ་སར་སྡོད་མཁན་ཡིན་པས། བོད་ཀྱི་རིག་གཞུང་དང་། ཁ་ཟས། གཞས་སྣ་འཁྲབ་སྟོན་དེ་ཚོར་དགའ་པོ་ཡོད། ས་གནས་རྒྱ་གར་ཡུལ་མི་དང་བོད་ཀྱི་རིག་གཞུང་དབར་འབྲེལ་བ་སྤེལ་ཐུབ་ན་དགའ་པོ་ཡོང་གི་འདུག་པས་དེ་འདྲ་བའི་དུས་སྟོན་མུ་མཐུད་དགོས་ཀྱི་འདུག་ཅེས་གསུང་གི་འདུག་ལ། ཀྲི་ཏི་ཀ་ལགས་ཀྱིས། བོད་ཀྱི་དུས་སྟོན་འདིར་ཡོང་ཐུབ་སྟེ་ཧ་ཅང་དགའ་པོ་བྱུང་། བོད་ཀྱི་རིག་གཞུང་དེ་དག་ཐེངས་དང་པོ་མཐོང་། དཔེ་ཡག་པོ་འདུག་ཅེས་གསུང་གི་འདུག
ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༢༨ ནས་ ༣༠ བར་ཉིན་གྲངས་གསུམ་རིང་འཚོག་བཞིན་པའི་བོད་ཀྱི་རིག་གཞུང་དུས་སྟོན་དེའི་ཐོག བོད་ཀྱི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་དང་། རིག་གཞུང་འགྲེམས་སྟོན། ཟས་རིགས། བོད་ཀྱི་སྲོལ་རྒྱུན་གྱི་གསོ་རིག་སྨན་གྱི་བརྟག་དཔྱད། གཞས་སྣ་འཁྲབ་སྟོན་སོགས་གོ་སྒྲིག་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་དང་འབྲེལ་བའི་གློག་བརྙན་གཟིགས་འབུལ་ཞུ་གི་འདུག
བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
