ཆིངས་ཡིག་དོན་ཚན་ ༡༧ སྐོར་ཤེས་ན་བོད་དོན་འཐབ་རྩོད་ཀྱི་ཐབས་ལམ་ལ་ཕན་ནུས་ཡོད་སྐོར་གསུངས།
བོད་མི་མང་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་གྲོས་མཐུན་དོན་ཚན་བཅུ་བདུན་དང་འབྲེལ་བའི་དེབ་དེའི་ལེའུ་དང་པོ་གཅིག་པུས། བོད་ཙམ་མིན་པར་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་རྣམས་ཀྱི་འབྲེལ་ཡོད་ཡིག་ཆ་སོགས་ལུང་འདྲེན་གྱིས། བོད་དེ་ལོ་རྒྱུས་ཐོག་ནས་རང་བཙན་ཡིན་པ་ཁུངས་སྐྱེལ་ར་སྤྲོད་ཐུབ་ཀྱི་ཡོད་ཅེས། རྩོམ་པ་པོ་ཆུང་ཚེ་རིང་ལགས་ཀྱིས་གསུངས་བྱུང་།

ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༢༣ ཉིན་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་ནས་ལོ་ངོ་ ༧༥ འཁོར་གྱི་ཡོད་པ་དང་བསྟུན། རྩོམ་པ་པོ་ཆུང་ཚེ་རིང་དང་བསོད་ནམས་རྡོ་རྗེ་ལགས་གཉིས་ཀྱིས་བོད་མི་མང་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་གྲོས་མཐུན་དོན་ཚན་བཅུ་བདུན་གྱི་སྔ་ཕྱིའི་འཕེལ་རིམ་ལ་དཔྱད་པ་ཞེས། ཆིངས་ཡིག་དོན་ཚན་བཅུ་བདུན་མ་བཞག་གོང་གི་བོད་ཀྱི་ཆབ་སྲིད་གནས་བབ་དང་། རྒྱ་ནག་གིས་བོད་ནང་བཙན་འཛུལ་བྱེད་སྟངས། བཙན་འཛུལ་བྱེད་སྐབས་བོད་ཕྱོགས་ནས་ཐབས་ཤེས་གང་ཞིག་གནང་ཡོད་མེད། རྒྱ་ནག་གི་བཙན་གནོན་འོག་ཏུ་ཆིངས་ཡིག་དོན་ཚན་བཅུ་བདུན་གང་འདྲ་བཞག་དགོས་བྱུང་ཡོད་མེད། དོན་ཚན་བཅུ་བདུན་ལ་ས་རྟགས་བཀོད་བཅུག་པའི་རྗེས་བོད་རྒྱ་གཉིས་དབར་ལོ་ངོ་བརྒྱད་མཉམ་ལས་བྱེད་པའི་སྐབས་ཀྱི་གནས་ཚུལ། ཆིངས་ཡིག་དེ་བཞིན་རྩིས་མེད་བཏང་ཚུལ་བཅས་ཀྱི་སྐོར་ལ་གནས་ཚུལ་ཞིབ་ཕྲ་འཁོད་ཡོད་པ་གསུང་གི་འདུག

མ་ཟད་ཕྱག་དེབ་དེ་དང་འབྲེལ་བའི་ཐད་རྩོམ་པ་པོ་ཆུང་ཚེ་རིང་ལགས་ཀྱིས། བོད་མི་མང་པོ་ཞིག་གིས་སྤྱི་ཡོངས་ནས་རྒྱ་ནག་གིས་བོད་བཙན་བཟུང་བྱས་པ་ཤེས་ཀྱི་ཡོད་ཀྱང་། བཙན་འཇུལ་བྱེད་སྟངས་ཀྱི་ཞིབ་ཕྲའི་གནས་ཚུལ་ཏེ། ཆབ་མདོ་ནས་དམག་ཇི་ལྟར་སླེབས་ཡོད་ཚུལ་དང་། རྒྱ་ཕྱོགས་ནས་དེར་ལྟ་ཚུལ་སོགས་གནས་ཚུལ་མང་དག་ཅིག་ཞིབ་ཕྲར་བཀོད་ཡོད་པས་གནས་ཚུལ་གསར་པ་མང་པོ་ཤེས་རྟོགས་ཐུབ་པའི་རེ་བ་གནང་གི་འདུག་ལ། ༧སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་སློབ་སྤྱི་ཐུབ་བསྟན་ཡར་འཕེལ་ལགས་ཀྱིས། ད་ལྟའི་ཆར་ང་ཚོའི་དཀའ་ངལ་ཆེ་ཤོས་དེ་བོད་དོན་བདེན་མཐའ་སེལ་མ་ཐུབ་པར་ལུས་བསྡད་ཡོད་པས། དཀའ་ངལ་སེལ་དགོས་ན་ཆིངས་ཡིག་དོན་ཚན་བཅུ་བདུན་གྱི་འབྲེལ་ཡོད་ཡིག་ཆ་ཀློག་སྟེ་གཞི་ནས་ང་ཚོས་བདེན་དོན་འཐབ་རྩོད་དང་ཐབས་ལམ་ཤེས་རྟོགས་ཐུབ་ཐབས་བྱ་དགོས་གལ་ཆེ་ཞེས་གསུང་གི་འདུག་ལ། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་གཙང་ཕྲུག་སྟོབས་ལགས་ཀྱིས། གཅིག་ནས་ཆིངས་ཡིག་དེ་བཞིན་བཙན་གནོན་འོག་ཏུ་བཞག་པ་ཞིག་ཡིན་ལ། གཉིས་ནས་བཙན་གནོན་འོག་ཏུ་བཞག་པ་ཡིན་ནའང་ཁོ་ཚོས་ཁས་ལེན་གང་བྱས་པ་དེར་རྡོག་རོལ་བཏང་སྟེ། རྒྱ་ནག་གིས་སྐྱག་རྫུན་བཤད་པ་དེར་ང་ཚོའི་ངོས་ནས་བདེན་པ་ར་སྤྲོད་བྱེད་ཐབས་བྱ་རྒྱུ་གནད་འགག་ཅན་ཞིག་ཆགས་ཡོད་པ་གསུངས་བྱུང་།

རྩ་བའི་རྩོམ་པ་པོ་ཆུང་ཚེ་རིང་ལགས་དང་བསོད་རྡོར་ལགས་གཉིས་ཀྱིས་དེ་སྔ་ཕྱི་ལོ་ ༢༠༠༡ ལོ་སྟེ། ཆིངས་ཡིག་དོན་ཚན་བཅུ་བདུན་བཞག་ནས་ལོ་ངོ་ལྔ་བཅུ་འཁོར་སྐབས་ཕྱག་དེབ་དང་པོ་དེ་འདོན་སྤེལ་གནང་འདུག་ཀྱང་། ད་ཐེངས་ཀྱི་དཔེ་དེབ་དེའི་ནང་དེ་སྔའི་དཔེ་དེབ་ནང་ཚུད་མེད་པའི་གནས་ཚུལ་གསར་པ་མང་པོ་ཞིག་དང་ཡིག་ཆ་གསར་པ། བསམ་བློ་གསར་པ་སོགས་མང་པོ་བྱུང་སྟེ་ཁ་སྣོན་ལེགས་བཅོས་ཀྱིས་སྒྲུང་གི་རྣམ་པའི་སྒོ་ནས་བྲིས་ཡོད་པ་རྩོམ་པ་པོས་གསུང་གི་འདུག་ལ། རྩོམ་པ་པོས་ཕྱག་དེབ་དེ་བཞིན་ཐོག་མར་ལྗགས་རྩོམ་གནང་འགོ་ཚུགས་སྐབས། རྒྱ་མི་ནག་པོ་བཟོ་རྒྱུའི་དམིགས་ཡུལ་བཅངས་པ་མ་ཡིན་པར་བདེན་པ་འཚོལ་སྒྲུབ་ཁོ་ནར་དམིགས་པ་ཞིག་ཡིན་ཞེས་དང་། ཕྱག་དེབ་དེ་ལྗགས་རྩོམ་གནང་བའི་བརྒྱུད་རིམ་ཁྲོད་རྒྱ་ནག་གིས་བོད་བཙན་བཟུང་མ་བྱེད་གོང་ནས་བོད་མི་རྣམས་ཀྱི་སེམས་ནང་ང་རྒྱ་མི་ཡིན་པའི་འདུ་ཤེས་ཕྲན་བུ་ཙམ་ཡང་མེད་ཅིང་། ཆིངས་ཡིག་དོན་ཚན་བཅུ་བདུན་བཞག་པའི་སྐབས་སུའང་རྒྱ་ནག་གཞུང་གིས་བོད་དེ་རྒྱ་ཁོངས་སུ་ངོས་འཛིན་གྱིས་བོད་ས་གནས་སྲིད་གཞུང་ཞེས་པའི་ཐ་སྙད་དེ་ཐོག་མར་བཀོལ་སྤྱོད་བྱས་ཡོད་ཀྱང་། སྐབས་དེར་བོད་མི་མང་ཚོགས་ཀྱིས་དེའི་དོན་ནི་རྒྱ་ནག་གིས་བོད་དེ་མངའ་འོག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པའི་གོ་བརྡ་མ་འཕྲོད་པ་ཡང་བྱུང་ཡོད་པ་སོགས་གནས་ཚུལ་གསར་པ་མང་པོ་ཞིག་བཀོད་ཡོད་ཅེས། དཔེ་དེབ་དབུ་འབྱེད་སྐབས་སུ་གསུངས་སོང་ལ། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་རྩོམ་པ་པོ་ཁོང་གཉིས་ཀྱིས་བརྩམས་པའི་དཔེ་དེབ་དེར་བསྔགས་བརྗོད་གནང་བ་དང་འབྲེལ། དེ་ནི་བོད་མི་ཡོངས་ལ་ཕུལ་བའི་ལེགས་སྐྱེས་ཆེན་པོ་ཞིག་ལ་ངོས་འཛིན་གནང་གི་ཡོད་པ་གསུངས་སོང་།།
བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
