དོན་ཚན་བཅུ་བདུན་གྱི་ཆིངས་ཡིག་དང་བོད་ཀྱི་ལས་དབང་།

ལོ་ངོ་ ༧༥ ཡི་སྔོན་དུ་བཞག་པའི་དོན་ཚན་བཅུ་བདུན་གྱི་ཆིངས་ཡིག་འདི་བོད་བཙན་བཟུང་བྱེད་པའི་ལག་ཆ་རེད་དམ།

ཕྱི་ལོ་ ༡༩༥༡ ཟླ་ ༥ ཚེས་ ༢༣ ཉིན། རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་བོད་ཀྱི་ལོ་རྒྱུས་ལ་ཁ་ལོ་བསྒྱུར་བའི་དོན་ཚན་བཅུ་བདུན་གྱི་ཆིངས་ཡིག་ཟེར་བ་དེར་བོད་རྒྱའི་སྐུ་ཚབ་ཀྱིས་མཚན་རྟགས་བཀོད་ཡོད། འདི་ནི་བོད་གཞུང་དགའ་ལྡན་ཕོ་བྲང་དང་བོད་མིའི་རང་དབང་གི་གནས་བབ་ཤོར་པ་དང་། རྒྱ་ནག་གིས་བོད་བཙན་བཟུང་བྱས་པའི་ལོ་རྒྱུས་ཀྱི་དཔང་རྟགས་བསྐྲུན་པ་ཤིག་ཆགས་ཡོད།

དོན་ཚན་བཅུ་བདུན་གྱི་རྒྱབ་ལྗོངས་དང་ཆབ་མདོའི་དམག་འཁྲུག

ཆིངས་ཡིག་དོན་ཚན་བཅུ་བདུན་དང་བོད་ཀྱི་ལས་དབང་། ཆིངས་ཡིག་དོན་ཚན་བཅུ་བདུན་དང་བོད་ཀྱི་ལས་དབང་།

༡༩༥༠ ལོར་རྒྱ་ནག་དམར་ཤོག་གཞུང་གིས་བོད་ལ་དཔུང་འཇུག་བྱས་ཏེ་ཆབ་མདོར་དྲག་པོའི་བཙན་འཛུལ་གྱིས་བོད་དམག་ཕམ་ཉེས་བྱུང་པའི་རྗེས། སྐུ་ན་ཕྲ་བའི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་ནག་གིས་དམག་དོན་གྱི་གནོན་ཤུགས་སྤྲད་དེ། བོད་ཀྱི་སྐུ་ཚབ་ཚོགས་པར་བཙན་དབང་གིས་མཚན་རྟགས་འགོད་བཅུག་ཡོད།

དོན་ཚན་བཅུ་བདུན་གྱི་ཆིངས་ཡིག་ལ་ལོ་མང་རིང་ཞིབ་འཇུག་གནང་མཁན་བསོད་ནམས་རྡོ་རྗེ་ལགས་ཀྱིས་གསུངས་པར། བོད་ཀྱི་སྐུ་ཚབ་ཚོ་པེ་ཅིང་དུ་ཕེབས་རྗེས་གྲོས་མོལ་གནང་པའི་སྐབས་སུ་རྒྱ་ནག་གི་དམག་དཔུང་བོད་ནང་གཏོང་བཞིན་ཡོད་པ་དང་། སྐུ་ཚབ་ཚོས་བོད་ནང་དམག་མི་གཏོང་རྒྱུ་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་ཡང་རྒྱ་ནག་གཞུང་གིས་ཉན་འཇོག་བྱས་མེད། དེར་བརྟེན་གྲོས་མོལ་སྐུ་ཚབ་ཚོགས་པར་དྲག་པོའི་བཙན་འཛུལ་དང་ཞི་བའི་བཅིངས་འགྲོལ་ཟེར་འདི་གཉིས་ཀྱི་གདམ་ཀ་ལས་མེད་དུས་ཐབས་ཟད་ཀྱི་འོག་ཞི་བའི་ཐབས་ལམ་འདི་མ་འདེམས་ཀ་མེད་བྱུང་ཡོད་ལ། ཛ་དྲག་གི་གནས་སྟངས་འོག་བོད་པའི་སྐུ་ཚབ་ཚོས་བོད་མི་མང་པོའི་སྲོག་ལ་ཉེན་ཁ་མི་ཡོང་བའི་ཆེད་དུ་རྒྱ་ནག་གཞུང་གི་འཆར་གཞི་ལྟར་སྐུ་ཚབ་ཚོས་སྒེར་གྱི་མིང་རྟགས་བཀོད་ཡོད་པ་འགྲེལ་བརྗོད་གནང་བྱུང་།

དོན་ཚན་བཅུ་བདུན་གྱི་ཆིངས་ཡིག་འདི་བོད་བཙན་བཟུང་བྱེད་པའི་ལག་ཆ་རེད་དམ།
དོན་ཚན་བཅུ་བདུན་གྱི་ཆིངས་ཡིག་དང་བོད་ཀྱི་ལས་དབང་། དོན་ཚན་བཅུ་བདུན་གྱི་ཆིངས་ཡིག (Xinhua)

དོན་ཚན་བཅུ་བདུན་གྱི་ནང་དོན་དང་རྒྱལ་སྤྱིའི་ཁྲིམས།

རྒྱ་ནག་གཞུང་གི་འདོད་ཚུལ་ལྟར་ཆིངས་ཡིག་འདིའི་ནང་བོད་ཀྱི་ཆོས་ལུགས་དང་ཆབ་སྲིད་ལམ་ལུགས་ལ་འགྱུར་བ་གཏོང་རྒྱུ་མིན་པའི་ཁས་ལེན་བྱས་ཡོད་ཀྱང་། བོད་ཀྱི་ཕྱི་འབྲེལ་དང་དམག་དོན་དབང་ཆ་ཡོངས་རྫོགས་རྒྱ་ནག་གཞུང་ལ་རྩིས་སྤྲོད་དགོས་པ་བཟོས་ཡོད་པ་མ་ཟད། ལྷག་པར་དུ་བོད་ཀྱི་སྐུ་ཚབ་ཀྱི་ཐམ་ག་ཡང་རྫུན་མ་བཟོས་ཏེ་མཚན་རྟགས་བཀོད་བཅུག་ཡོད།

བསོད་ནམས་རྡོ་རྗེ་ལགས་ཀྱིས། གཞུང་གཉིས་ཕན་ཚུན་ཆིངས་ཡིག་བཞག་པའི་སྐབས་སུ་གཞུང་ཐམ་འདི་གལ་ཆེ་ཤོས་ཆགས་ཡོད། གཞུང་ཐམ་བཀོད་པའི་རྗེས་སུ་གཞི་ནས་ཁྲིམས་མཐུན་ཆགས་ཀྱི་ཡོད། དོན་ཚན་བཅུ་བདུན་གྱི་ཆིངས་ཡིག་ལ་མཚོན་ན། ང་ཕོད་ལ་མདོ་སྤྱིའི་ལས་ཐམ་ཡོད་རུང་། ས་གནས་ནས་སྒེར་ཐམ་བཟོས་ཡོད། ང་ཚོས་ཞུས་པ་འདི་ནི་ལས་ཐམ་རྫུན་མ་བཟོས་པ་འདི་ཡིན་ཞིང་། རྒྱུ་མཚན་ནི་བསམ་ཕོ་བསྟན་འཛིན་དོན་གྲུབ་དོ་བདག་གི་བྲིས་གནང་པའི་མཚན་དང་ལས་ཐམ་ཐོག་གི་དག་ཆ་མཚུངས་ཀྱི་མེད་པས། འདི་ནི་མངོན་གསལ་དོད་པོས་རྫུན་མ་བཟོས་པ་རེད། ལྷག་པར་དུ་བོད་ཀྱི་སྐུ་ཚབ་ཚོའི་ལས་ཐམ་རྒྱ་ནག་ནས་བཟོས་པའི་སྐོར་ལ་རྒྱ་ནག་གཞུང་གིས་འགྲེལ་བརྗོད་བྱེད་ཐབས་བྱས་ཤིང་། ༡༩༩༡ ལོར་པེ་ཅིང་དུ་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་རྒྱ་ནག་ཉིན་རེའི་ཚགས་པར་ཁང་གིས་ང་ཕོད་ལ་བོད་ས་གནས་སྲིད་གཞུང་གི་ཐམ་ག་རྫུན་མ་རེད་དམ་ཞེས་དྲིས་སྐབས། ང་ཕོད་ཀྱིས་དམ་ཕྲུག་གི་གནད་དོན་ལ་མཚོན་ན། དོན་དངོས་ནི་དེ་འདྲ་རེད། དུས་རྒྱུན་འགྲོ་སྐབས་དམ་ཕྲུག་དང་སྒེར་གྱི་མིང་རྟགས་ཕབ་དགོས་པར་བརྟེན་ཕྱོགས་གཉིས་ཀྱི་སྐུ་ཚབ་སོ་སོས་ཐམ་ག་བཟོས་ནས་གྲོས་མོལ་ཐོག་ཕབ་པ་རེད་ཅེས་གསུངས་པ་དེའི་ཐོག་ནས་སྒེར་གྱི་ཐམ་ག་ཡིན་པ་ལས་གཞུང་གི་ཐམ་ག་མིན་པ་གསལ་སྟོན་བྱུང་ཡོད། དེ་ནས་ང་ཕོད་ཀྱིས་སྐད་ཆ་གཡོལ་ཆེད། རྩ་བ་ཉིད་ནས་བོད་ས་གནས་སྲིད་གཞུང་གི་ཐམ་ག་རྫུན་མ་བཟོས་མེད་ཅེས་གསུངས་སྐོར་དང་། གང་ལྟར་རྒྱལ་སྤྱིའི་ཐོག་ནས་ཡིག་ཆ་འདི་ཁྲིམས་མཐུན་ཞིག་ཆགས་ཀྱི་མེད་པ་གསལ་པོ་རེད་ཅེས་གསུངས་བྱུང་།

ཡང་དོན་ཚན་བཅུ་བདུན་གྱི་ཆིངས་ཡིག་ལ་ལོ་མང་རིང་ཞིབ་འཇུག་གནང་མཁན་ཆུང་ཚེ་རིང་ལགས་ཀྱིས་གསུངས་པར། རྩིས་མེད་ཕྱིན་ནས་ཁྲིམས་ཀྱི་གནས་སྟངས་ཐོག་ནས་ཞུས་ན། བོད་ཀྱི་ཁྲིམས་ཀྱི་གནས་སྟངས་འདི་དོན་ཚན་བཅུ་བདུན་མ་བཞག་གོང་ཕྱི་ལོ་ ༡༩༥༡ སྔོན་གྱི་རང་བཙན་གྱི་གནས་བབ་འདིའི་ཐོག་ལ་བསྡད་ཡོད་པས། རྩོད་སའི་གཞི་རྩ་ཞིག་རེད་ལ། གཉིས་ནས་བོད་གཞུང་དགའ་ལྡན་ཕོ་བྲང་གི་རྒྱུན་འདི་ད་ལྟ་བཙན་བྱོལ་ལ་གནས་པ་འདི་ཁྲིམས་ཀྱི་འགྲོ་སྟངས་ཐོག་ནས་ཞུས་ན། མུ་མཐུད་གནས་སྟངས་འདི་འདྲ་ཆགས་ཡོད་ཅེས་གསུངས་བྱུང་།

དོན་ཚན་བཅུ་བདུན་གྱི་ཆིངས་ཡིག་འདི་བོད་བཙན་བཟུང་བྱེད་པའི་ལག་ཆ་རེད་དམ།
དོན་ཚན་བཅུ་བདུན་གྱི་ཆིངས་ཡིག་དང་བོད་ཀྱི་ལས་དབང་། ༡༩༥༩ ལོར་༧གོང་ས་མཆོག་རྒྱ་གར་མ་སུ་རིར་གསར་འགོད་ལྷན་ཚོགས་ཐག (OHHDL)

རྒྱ་ནག་གི་དྲིལ་བསྒྲགས་དང་བོད་པའི་ལྟ་སྟངས།

རྒྱ་ནག་གཞུང་གིས་ཆིངས་ཡིག་འདི་ནི་བོད་ཞི་བའི་བཅིངས་བཀྲོལ་ཟེར་བའི་འོག་བོད་མི་མང་ལ་རང་དབང་ཐོབ་པའི་གྲོས་མཐུན་ཞིག་ཏུ་དྲིལ་བསྒྲགས་བྱས་ཏེ་ལོ་ལྟར་བོད་ནང་དྲན་གསོའི་བྱེད་སྒོ་མང་དག་ཅིག་སྤེལ་གྱི་ཡོད་ཀྱང་། བོད་པ་དང་བཙན་བྱོལ་སྤྱི་ཚོགས་ནང་འདི་ནི་བཙན་དབང་འོག་བཞག་དགོས་བྱུང་པ་དང་ཚད་ལྡན་གྱི་གྲོས་མཐུན་ཞིག་མིན་པར་ངོས་འཛིན་བྱེད་ཀྱི་ཡོད།

ཆུང་ཚེ་རིང་ལགས་ཀྱིས་མུ་མཐུད་གསུངས་པར། བོད་པའི་སྐུ་ཚབ་ངོས་ནས་ཞུས་ན། བོད་གཞུང་དང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དོན་ཚན་བཅུ་བདུན་སྐོར་གསན་དུས། ཧང་སངས་གནང་ཡོད། འོན་ཀྱང་ང་ཕོད་ལ་སོགས་པ་ལྷ་སར་ཕེབས་ནས་བོད་ལྗོངས་ཚོགས་འདུ་རྒྱས་འཛོམས་ནང་དུ་བྱུང་ལུགས་བྱུང་སྟངས་གསལ་བཤད་གནང་སྟེ། བོད་ལྗོངས་ཚོགས་འདུ་རྒྱས་འཛོམས་ཀྱིས་གནས་སྟངས་འདི་འདྲའི་འོག་ལ་དེ་ལས་ལྷག་པ་གནང་ཐབས་མེད་པ་ངོས་འཛིན་གནང་ཡོད་ལ། ཡང་ཕྱོགས་གཞན་ཞིག་ནས་དམག་སྲིད་ལྷན་ཁང་ཟེར་བ་འདི་གང་འདྲ་ཡིན་མིན་དང་དོན་ཚན་བཅུ་བདུན་གྱི་ཁྱབ་ཁོངས་སུ་ཁམས་དང་ཨ་མདོའི་ས་ཆ་ཚུད་ཡོད་མེད། བོད་ལ་དམག་མི་གྲངས་ཚད་ག་ཚོད་འཇོག་གི་ཡོད་མེད་སོགས་ཀྱི་ཐོག་དོགས་དྲི་བཏོན་པ་དང་། གནད་དོན་འདི་ཚོར་གསལ་བཤད་མ་བྱུང་བར་དུ་བོད་པའི་ཕྱོགས་ནས་མོས་མཐུན་གྱི་ཏར་འཕྲིན་གནང་རྒྱུ་མིན་པའི་ངོས་འཛིན་གནང་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།

དེ་བཞིན་བསོད་ནམས་རྡོ་རྗེ་ལགས་ཀྱིས་གསུངས་པར། ཡིག་ཆ་འདི་བོད་པར་མཚོན་ན། ལོ་རྒྱུས་ཐོག་ནས་བོད་དང་རྒྱ་ནག་ཐ་དད་ལ་གནས་པ་དང་། སོ་སོའི་གཞུང་སོ་སོས་སྐྱོང་བཞིན་ཡོད། ཡིན་ན་ཡང་དོན་ཚན་བཅུ་བདུན་འདི་བཞག་པའི་སྐབས་སུ་སྟོབས་ཆེ་བས་སྟོབས་ཆུང་བར་བཙན་པོ་དབང་ཡོད་བཏང་སྟེ་བཞག་དགོས་བྱུང་ནས་མཐར་དབུས་སྲིད་གཞུང་དང་ས་གནས་སྲིད་གཞུང་ཟེར་གྲོས་མཐུན་གྱི་ཡིག་ཆ་ཞིག་ཆགས་ཡོད། བརྒྱུད་རིམ་ནང་བོད་པར་རང་དབང་རྩ་བ་ནས་མེད་པར་བཙན་དབང་ཐོག་བཞག་པའི་ཡིག་ཆ་ཞིག་ཆགས་ཡོད་ཅེས་གསུངས་བྱུང་།

དོན་ཚན་བཅུ་བདུན་གྱི་ཆིངས་ཡིག་འདི་བོད་བཙན་བཟུང་བྱེད་པའི་ལག་ཆ་རེད་དམ།
དོན་ཚན་བཅུ་བདུན་གྱི་ཆིངས་ཡིག་དང་བོད་ཀྱི་ལས་དབང་། ༡༩༥༩ ལོར་གཡུལ་རྒྱལ་ལྷུན་རྩེ་རྫོང་དུ། (བོད་ཀྱི་འགྲེམས་སྟོན་ཁང་།)

གྲོས་མཐུན་ལག་བསྟར་དང་རྩིས་མེད།

རྒྱ་ནག་གིས་དོན་ཚན་བཅུ་བདུན་གྱི་ཆིངས་ཡིག་བཞག་པའི་རྗེས་སུ་རྒྱ་ནག་རང་ཉིད་ཀྱིས་སོ་སོའི་འདོད་ཚུལ་ལྟར་ཁས་ལེན་བྱས་པ་ཁག་རྩིས་མེད་རྡོག་རོལ་བཏང་སྟེ་བོད་ཀྱི་ཆོས་ལུགས་དང་རིག་གཞུང་ལ་གཏོར་བཤིག་དང་། ཕྱོགས་ཡོངས་ཀྱི་རང་དབང་ཤོར་ནས་མཐར་ ༡༩༥༩ ལོར་རྒྱལ་ས་ལྷ་སར་བོད་མིའི་རང་དབང་སྒེར་ལངས་ཀྱི་ལས་འགུལ་བྱུང་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་དུ་བཙན་བྱོལ་ལ་༧ཞབས་སོར་འཁོད་མ་ཐག་དོན་ཚན་ ༡༧ འདི་རྩིས་མེད་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་གནང་ཡོད།

ཆུང་ཚེ་རིང་ལགས་ཀྱིས་གསུངས་པར། ༧གོང་ས་མཆོག་ནས་གཡུལ་རྒྱལ་ལྷུན་རྩེ་རྫོང་དུ་དགའ་ལྡན་ཕོ་བྲང་གི་གཞུང་བསྐྱར་གསོ་གནང་པའི་གསལ་བསྒྲགས་དང་མཉམ་དུ་དོན་ཚན་བཅུ་བདུན་ངོས་ལེན་པའི་མེད་པའི་གསལ་བསྒྲགས་དང་པོ་འདི་བོད་ཀྱི་ས་ཐོག་ནས་གནང་པ་དང་། གཉིས་པ་འདི་རྒྱ་གར་གྱི་ས་ཐོག་ཏེཛི་པུར། གསུམ་པ་འདི་མ་སུ་རི་བཅས་སྔ་རྗེས་ཐེངས་གསུམ་གྱི་ཐོག་ནས་དོན་ཚན་བཅུ་བདུན་འདི་རྩིས་མེད་ཕྱིན་པ་རེད་ཅེས་གསུངས་བྱུང་།

དོན་ཚན་བཅུ་བདུན་གྱི་ཆིངས་ཡིག་འདི་བོད་བཙན་བཟུང་བྱེད་པའི་ལག་ཆ་རེད་དམ།
དོན་ཚན་བཅུ་བདུན་གྱི་ཆིངས་ཡིག་དང་བོད་ཀྱི་ལས་དབང་། ཆབ་མདོར་དམག་རྒྱག་རྒྱུའི་བཀའ་རྒྱ། (Xinhua)

ད་ལྟའི་དུས་སུ་དོན་ཚན་བཅུ་བདུན་གྱི་ཆིངས་ཡིག་འདིའི་དོན་སྙིང་།

དོན་ཚན་བཅུ་བདུན་གྱི་ཆིངས་ཡིག་ནི་རྒྱ་ནག་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བ་ལག་བསྟར་བྱས་པ་ཐོག་མ་འདི་ཆགས་ཤིང་། ༡༩༩༧ ལོར་ཧོང་ཀོང་ནང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ལག་བསྟར་བྱས་པ་བརྗོད་ཀྱི་ཡོད། ཡང་ ༡༩༥༡ ལོར་བོད་རྒྱའི་དོན་ཚན་བཅུ་བདུན་གྱི་ཆིངས་ཡིག་འདི་ཡིད་ཆེས་བྱེད་མི་རུང་བའི་དཔང་རྟགས་དང་པོ་དེ་རེད་དམ། འདས་པའི་བོད་ཀྱི་གནས་སྟངས་ཐོག་ནས་ད་ལྟའི་ཧོང་ཀོང་དང་ཐའེ་ཝན་གྱི་མ་འོངས་པར་བསླབ་བྱ་གང་འདྲ་ཞིག་ཆགས་ཡོད་པ་ནི་དྲི་བ་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་རེད།

ཆུང་ཚེ་རིང་ལགས་ཀྱིས། རྒྱ་ནག་གཞུང་དང་མཉམ་དུ་གྲོས་ཆོད་དང་གྲོས་མཐུན་གང་བཞག་རུང་དེར་རྒྱལ་སྤྱིའི་ཁྲིམས་དང་། ཡང་ན་བར་སྡུམ་བྱེད་མཁན་རྒྱལ་ཁབ་གཞན་ཞིག་གིས་འགན་ལེན་ཐུབ་པའི་གདེང་ཚོད་ཅིག་མ་སླེབས་ན། དཔེར་ན། བོད་ལ་སྔོན་མ་ཁས་ལེན་མང་པོ་བྱས་ཡོད། རྗེས་སུ་གང་ཡང་མེད་པ་ཆགས་ཡོད་ལ། ཧོང་ཀོང་ལ་ཡང་དེ་ལྟར་ཆགས་ཡོད་པས། ཐའེ་ཝན་དང་དེ་མིན་རྒྱལ་ཁབ་སུ་ཡིན་རུང་དེ་འདྲ་ཆགས་རྒྱུ་ཡིན་དུས་ཁྲིམས་དང་རྒྱལ་སྤྱིའི་འགྲོ་སྟངས་འདི་འདྲའི་ཐོག་ནས་མ་འོངས་འགྱུར་བ་མི་ཡོང་བའི་འགན་ལེན་བྱ་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག་ཅེས་གསུངས་བྱུང་།

ད་ལྟ་མཚོན་ན། བོད་ཀྱི་ཆོས་དང་རིག་གཞུང། བོད་མིའི་ངོ་བོ་དང་བཅས་པར་འགྱུར་བ་ཆེན་པོ་ཕྱིན་ཡོད་ལ། དོན་ཚན་བཅུ་བདུན་ནང་གི་དོན་ཚན་རེ་རེ་བཞིན་ད་ལྟ་བོད་ནང་ལག་བསྟར་ཐུབ་པ་མཐོང་རྒྱུ་མེད་པས། ཆིངས་ཡིག་དེ་བོད་ས་བཙན་བཟུང་བྱེད་པའི་ལག་ཆ་ཁོ་ནར་གྱུར་བ་རེད་དམ།

བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།