ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༣༡ དང་བོད་ཟླ་བཞི་པ་ས་ག་ཟླ་བའི་ཚེས་ ༡༥ ཉིད་བོད་མི་ཚོས་ཆོས་ཕྱོགས་ཀྱི་དུས་ཆེན་ཆེས་གལ་ཆེ་ཤོས་ཤིག་ཏུ་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། བོད་ནང་རྒྱ་ནག་གཞུང་གིས་དམ་དྲག་ཧ་ཅང་ཆེན་པོ་བྱས་ཡོད་པ་ཡིན་རུང་། གཞུང་གི་གླ་ཕོགས་ལ་བརྟེན་མི་དགོས་པའི་བོད་མི་ཚོས་བཀག་འགོག་དང་དམ་དྲག་ལ་མ་བལྟོས་པར་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ནང་མཉམ་ཞུགས་རྒྱ་ཆེ་བྱས་ཡོད་འདུག
དམིགས་བསལ་འདི་ལོ་ནི་བོད་ཀྱི་སྲོལ་རྒྱུན་ནང་རྟ་ལོ་གངས་རིན་པོ་ཆེ་སྐོར་རར་སྐྱོད་པའི་ལོ་ཁྱད་པར་ཅན་ཞིག་འཁེལ་ཡོད་སྟབས། བོད་པ་དང་དེ་མིན་དད་ལྡན་པ་ཧ་ཅང་མང་པོ་གངས་སྐོར་ལ་བསྐྱོད་ཡོད་པ་མ་ཟད། གངས་རིན་པོ་ཆེའི་མདུན་གྱི་དར་ཆེན་སྐུ་བཞེངས་ཀྱི་སྐབས་སུ་ཡང་བོད་མི་ཧ་ཅང་མང་པོ་འཛོམས་ཡོད་འདུག འོན་ཀྱང་གངས་སྐོར་གནས་མཇལ་དང་དར་ཆེན་སྐུ་བཞེངས་ལ་འཛོམས་མཁན་ཚང་མ་ནི་གཞུང་གི་གླ་ཕོགས་ལ་བརྟེན་མི་དགོས་པའི་བོད་པ་ཤ་སྟག་ཡིན་ཞིང་། རྒྱུ་མཚན་ནི་རྒྱ་ནག་གཞུང་གིས་བོད་ནང་གི་ལས་ཁུངས་ཁག་དང་སློབ་གྲྭ་སོགས་ཀྱི་ནང་བརྡ་ཐོ་བཏང་སྟེ་ལས་བྱེད་དང་སློབ་མ་ཚོ་ཆོས་ཕྱོགས་ཀྱི་བྱེད་སྒོར་མཉམ་ཞུགས་བྱེད་མི་ཆོག་པའི་བཀའ་རྒྱ་ནན་པོ་བཏང་ཡོད་འདུག

ཤེས་རྟོགས་བྱུང་བར། གངས་རིན་པོ་ཆེར་གནས་མཇལ་སྐོར་རར་སྐྱོད་སའི་ལམ་བར་དུ། བརྟག་དཔྱད་ས་ཚིགས་དང་ཉེན་རྟོག་པ་བརྒྱུད་དགོས་ཀྱི་ཡོད་པའི་ཐོག་འདི་ལོ་ནི་དེང་དུས་ཀྱི་ཚན་རིག་ལག་རྩལ་གྱི་དྲ་འབྲེལ་དང་པར་ཆས་ལ་བརྟེན་ནས་ལྟ་ཞིབ་དང་སྟངས་འཛིན་བྱེད་ཤུགས་ཆེ་རུ་བཏང་ཡོད་འདུག་ལ། གནས་སྐོར་བ་སུ་འགྲོ་མིན་དང་། གང་དུ་སྐྱོད་བཞིན་ཡོད་མེད་ཆ་ཚང་པར་ཆས་ཐོག་ནས་ངོ་གདོང་ངོས་འཛིན་གྱིས་སྟངས་འཛིན་བྱེད་བཞིན་ཡོད་པ་འདི་ནི། དེང་དུས་ཚན་རིག་གི་ལག་རྩལ་ལ་བརྟེན་ནས་བོད་མིར་སྟངས་འཛིན་བྱེད་སྟངས་གསར་པ་ཞིག་ཆགས་ཡོད་པ་བོད་ནས་རང་ཉིད་ཀྱི་བདེ་འཇགས་ཆེད་ཡོངས་གྲགས་མིང་བརྗོད་འདོད་མེད་པའི་བོད་མིས་བརྗོད་ཀྱི་འདུག་ལ། དར་ཆེན་སྐུ་བཞེངས་གནང་ཡུལ་དུ་ཡར་འཛུལ་སྐབས་མི་རེ་རེ་བཞིན་བརྟག་དཔྱད་ཀྱི་སྒོ་བརྒྱུད་དགོས་ཀྱི་ཡོད་པ་བརྗོད་བྱུང་།
རྒྱ་ནག་ནས་བོད་ལ་སྐྱོད་མཁན་རྒྱ་རིགས་ཤིག་གིས་བརྗོད་པ་ལྟར་ན། དྲ་རྒྱ་དང་པར་ཆས་ཐོག་ནས་མི་དམངས་ལ་སྟངས་འཛིན་བྱེད་པའི་ལག་རྩལ་འདི་ཉིད། རྒྱ་ནག་རྒྱལ་ཡོངས་ཀྱི་ནང་ནས་བོད་དང་ཤིན་ཅང་ས་ཁུལ་གཉིས་ནང་ལ་རྒྱ་ཆེ་ཤོས་དང་གཏིང་ཟབ་ཤོས་ལག་བསྟར་བྱེད་བཞིན་ཡོད་པ་ར་སྤྲོད་བྱས་འདུག

གཞན་ཡང་ས་ག་ཟླ་བའི་ཚེས་ ༡༥ ཉིན་མངའ་རིས་དར་ཆེན་སྐུ་བཞེངས་ཀྱི་བརྙན་དང་གངས་སྐོར་ལ་སྐྱོད་པའི་བརྙན་ཐུང་མང་པོ་བོད་མི་ཚོས་སྐད་འཕྲིན་ (WeChat) དང་ཁྱུག་དབྱིངས་ (Douyin) ཐོག་སྤེལ་བཞིན་པ་མཐོང་རྒྱུ་ཡོད་རུང་། གལ་སྲིད་བརྙན་རིས་དེ་དག་གི་ནང་དུ་རྒྱ་ནག་གཞུང་གི་ཉེན་རྟོག་པ་དང་དྲག་ཆས་སྤྲས་པའི་དམག་མི་སོགས་མཐོང་རྒྱུ་ཡོད་ཚེ། རྒྱ་ནག་གཞུང་གི་དྲ་རྒྱ་ལྟ་ཞིབ་པས་བརྙན་རིས་དེ་དག་ལམ་སེང་ལྟ་མི་ཐུབ་པ་བཟོ་བ་དང་། དྲ་ལམ་ནས་ཕྱིར་བསྡུ་བྱེད་ཀྱི་ཡོད་པ་མ་ཟད། དར་ཆེན་སྐུ་བཞེངས་གནང་ཡུལ་དུ་ཉེན་རྟོག་དམག་མིའི་ཆས་གོས་མ་ཡིན་པའི་ཁོར་ཡུག་སྲུང་སྐྱོབ་བྱེད་མཁན་ལ་སོགས་པའི་སྒྲིག་ཆས་དང་དེ་མིན་དྲག་ཆས་མ་སྤྲས་པའི་མི་སྣ་ཧ་ཅང་མང་པོ་བཀྲམས་ཡོད་པའི་གནས་ཚུལ་བརྗོད་ཀྱི་འདུག
བོད་ཀྱི་ཡུལ་དུ་དར་ཆེན་སྐུ་བཞེངས་གནང་སྲོལ་དེ་ནི་ཕྱི་ལོ་ ༡༦༨༡ ས་ག་ཟླ་བའི་བོད་ཚེས་ ༡༥ ཉིན་སྟོད་མངའ་རིས་སྒར་དཔོན་དབུ་བཞུགས་ཐོག་ཞིང་འབྲོག་མི་མང་རྣམས་གསེར་གཤོངས་ཐང་དུ་འདུ་མཛོམས་ཀྱིས་མངའ་རིས་དར་ཆེན་སྐུ་བཞེངས་གནང་བའི་དུས་ཆེན་དབུ་བཙུགས་བྱུང་ཡོད་ན་ཡང་། རྒྱ་ནག་གཞུང་གིས་བོད་ལ་དབང་བསྒྱུར་བྱས་པའི་རྗེས་དང་རིག་གནས་གསར་བརྗེའི་སྐབས་ཉམས་ཆག་ཕྱིན་ཡོད་པ་དང་། ཡང་ཕྱི་ལོ་ ༡༩༨༦ ལོ་ནས་སླར་ཡང་གངས་རིན་པའི་ཆེའི་སྐུ་མདུན་དུ་མངའ་རིས་དར་ཆེན་བཞེངས་འགོ་ཚུགས་ཡོད།།
