ཁྱེད་ཀྱི་ལག་ཏུ་ཡོད་པའི་ཁ་པར་དེ་དང་། ཁྱེད་ཀྱི་ཁང་ཐོག་གི་ཉི་འོད་ཀྱི་གློག་སྒྲོམ། ཁྱེད་ཀྱིས་བེད་སྤྱོད་བྱེད་པའི་འཕྲུལ་ཆས་རེ་རེའི་ནང་དུ་ཡོད་པའི་གློག་ཀླད་ཀྱི་ཆ་ཤས་ chip དེ་དག་ཚང་མའི་ནང་དཀོན་པའི་རྒྱུ་ཆ་དྭངས་ཤེལ་ Quartz ཞེས་པའི་གཏེར་ཁ་དེ་བེད་སྤྱོད་བྱེད་ཀྱི་ཡོད་པས། རྒྱ་ནག་ལ་དེའི་ཐོན་ཁུངས་གསར་པ་ཞིག་བོད་ཀྱི་གཞིས་རྩེ་གཏིང་སྐྱེས་རྫོང་ནས་བརྙེད་འདུག
འདི་ལོའི་ཕྱི་ཟླ་ ༤ ནང་རྒྱ་ནག་གཞུང་གིས་ཐད་ཀར་མཐུན་འགྱུར་འོག་རྒྱ་ནག་གི་ཚན་རིག་དང་བཟོ་རིག་སློབ་ཆེན་དང་རྒྱ་ནག་ས་གཤིས་ཞིབ་འཇུག་ཁང་གཉིས་ནས་ European Journal of Mineralogy ཞེས་ཡུ་རོབ་ཀྱི་གཏེར་རྫས་རིག་པའི་དུས་དེབ་ནང་ཞིབ་འཇུག་པས་ Quartz གཏེར་ཁ་དེ་བཞིན་བོད་གཏིང་སྐྱེས་རྫོང་དུ་གསར་རྙེད་བྱུང་ཡོད་སྐོར་བཀོད་པ་དང་འབྲེལ། གཏེར་རྫས་ལ་ལྷད་མེད་པའི་སྤུས་ཚད་ཀྱི་བརྒྱ་ཆ་ཉུང་ཐར་ ༩༩.༩༩ ཡན་ཡིན་པ་འདི་རྙེད་ཁག་པོ་ཡོད་པ་བརྗོད་འདུག་ཅིང་། གཏེར་ཁ་དེས་ཉི་འོད་གློག་ཤུགས་དང་གློག་འདྲེན་འཕྲུལ་ཆས་སོགས་ལ་བེད་སྤྱོད་ཆེན་པོ་ཡོད་པ་རེད་འདུག
བོད་ཀྱི་ས་ཁམས་ཆགས་ཚུལ་གྱི་ཐོག་ནས་རྒྱ་ནག་ལ་སོ་སོའི་རྒྱལ་ཁབ་ཀྱི་དགོས་མཁོའི་ཆེད་དུ་གཏེར་ཁ་གལ་ཆེན་པོ་མང་པོ་ཞིག་མཁོ་སྤྲོད་བྱེད་པར་གོ་སྐབས་ཤིག་སྤྲོད་ཀྱི་ཡོད་པ་ཞིབ་འཇུག་པས་བརྗོད་འདུག
Quartz ཞེས་པའི་དྭངས་ཤེལ་གཏེར་རྫས་ཟེར་བ་དེ་གང་ཡིན་པ་དང་། དེ་གལ་ཆེན་པོ་ཡིན་པའི་རྒྱུ་མཚན་གང་ཡིན།
Quartz དྭངས་ཤེལ་གཏེར་རྫས་དེ་བཞིན་ཡར་ཐོན་ཅན་གྱི་གློག་ཆས་བཟོ་སྐྲུན་བྱེད་པར་གལ་ཆེན་པོ་ཆགས་ཡོད། སྤྱིར་དྭངས་ཤེལ་ Quartz གཏེར་རྫས་དེ་འཛམ་བུ་གླིང་ནང་དཀོན་པོ་ཆགས་ཡོད་ལ། རྒྱ་ནག་ནི་འཛམ་གླིང་ནང་དྭངས་ཤེལ་ Quartz གཏེར་རྫས་ནང་འདྲེན་མང་ཤོས་བྱེད་མཁན་གྱི་རྒྱལ་ཁབ་དེ་ཡིན་ཞིང་། ལོ་རྒྱུས་ཀྱི་ཐོག་རྒྱ་ནག་གིས་ཨ་རི་ནས་ཨ་སྒོར་དུང་ཕྱུར་ ༡.༥ ལྷག་གི་ Quartz གཏེར་རྫས་ཉོས་པ་དང་། ཉོ་སྒྲུབ་བྱེད་མཁན་མང་ཤོས་ཤིག་ཆགས་ཀྱི་ཡོད། ད་རེས་བོད་ནང་ནས་བརྙེད་པའི་གཏེར་རྫས་བྱུང་ཁུངས་དེས་རྒྱ་ནག་ལ་མ་འོངས་རྒྱལ་ཁབ་གཞན་ལ་བརྟེན་མི་དགོས་པའི་གནས་སྟངས་ཤིག་ཏུ་གྱུར་ཡོད་པ་རེད།
འོན་ཀྱང་གནས་ཚུལ་འདི་གསར་པ་ཞིག་མ་ཡིན་པར། འཛམ་གླིང་ནང་གི་གཏེར་མཛོད་ཐོབ་ཁུངས་དཔེར་ན་ཟངས་དང་གསེར། ལི་ཐི་ཡམ་དང་དེ་མིན་དཀོན་པོ་ཡོད་པའི་གཏེར་རྫས་མི་འདྲ་བ་རིགས་ ༡༢༦ ཙམ་བོད་ནས་སྔོག་འདོན་བྱེད་ཀྱི་ཡོད། རྒྱ་ནག་གི་ཟངས་གཏེར་ཆེ་ཤོས་ལྔའི་ནང་ནས་བཞི་ནི་བོད་ནང་ནས་བཏོན་གྱི་ཡོད། བོད་ཀྱི་གཏེར་ཁ་ལས་བྱུང་བའི་ཁེ་བཟང་ནི་རྒྱ་ནག་ལ་ཐོབ་པ་དང་། རྒྱ་ནག་གཞུང་གིས་བོད་ནང་གཏེར་ཁ་སྔོག་འདོན་ལས་ཐོན་པའི་རྐྱེན་ངན་བར་ཆད་ཇི་འདྲ་བྱུང་པ་ཁག་བོད་ཀྱི་ས་ཁམས་དང་བོད་མི་ཚོར་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་རེད།
ཕྱི་ལོ་ ༢༠༢༤ ལོར་བོད་མི་ཞིག་གིས་དྲ་ཐོག་ཏུ་སྤེལ་བའི་བརྙན་ཐུང་ཞིག་གི་ནང་། རྒྱ་ནག་གི་བཟོ་ཚོང་ཁང་ཞིག་གིས་ཁྱུང་ཆུ་རྫོང་ཚ་རུ་མ་གཙང་པོའི་འགྲམ་དུ་ཁྲིམས་འགལ་གྱི་གཏེར་ཁ་སྔོག་འདོན་བྱེད་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུས་པའི་རྐྱེན་གྱི་ཁོང་བཀག་ཉར་བྱས་ཡོད། ཡང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་ཨ་ཉ་སེང་སྒྲ་ལགས་ཀྱིས་ཕྱི་ལོ་ ༢༠༡༩ ལོར་ཁྲིམས་འགལ་གྱི་གཏེར་ཁ་སྔོག་འདོན་བྱེད་ཀྱི་ཡོད་པ་བརྗོད་དེ་ངོ་རྒོལ་བྱས་པར་ལོ་ ༧ བཙོན་འཇུག་ཁྲིམས་ཐག་བཅད་ཡོད། ཁོང་འདི་ལོ་ཕྱི་ཟླ་གཉིས་པའི་ནང་གློད་གྲོལ་ཐོབ་ཡོད་ཀྱང་ད་ལྟ་ཡང་རྒྱ་ནག་གཞུང་གིས་མུ་མཐུད་ལྟ་སྲུང་དང་དམ་དྲག་འོག་གནས་ཡོད་པ་མ་ཟད། རྒྱ་ནག་གཞུང་གི་ཆོག་མཆན་འོག་སྨན་ཁང་དུ་ཐེངས་གཅིག་མ་གཏོགས་སྐྱོད་བཅུག་མེད་པ་རེད།།
བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།
