རྒྱ་ནག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་གསར་པ་དེའི་བརྒྱུད་རྒྱ་ནག་གི་རྒྱལ་མཚམས་ལས་བརྒལ་ནས་མི་རྣམས་ལ་རྗེས་འདེད་གཏོང་བའི་ཐོབ་ཐང་ཡོད་ཅེས་བརྗོད་འདུག
མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་གཞི་དེ་ཕྱི་ཟླ་ ༣ ཚེས་ ༡༢ ཉིན་གཏན་འབེབས་བྱས་པ་དང་ཟླ་བདུན་པའི་ཚེས་གཅིག་ཉིན་ལག་བསྟར་བྱེད་རྒྱུ་ཡིན་པ་རེད། བོད་དང་ཡུ་གུར་བཅས་རྒྱ་ནག་གི་མི་རིགས་ ༥༥ དང་རྒྱ་ཧན་མི་རིགས་བཅས་ཀྱི་དབར་མི་རིགས་ཀྱི་ངོ་བོ་མཉམ་བསྲེས་བྱེད་པར་ཤུགས་སྣོན་རྒྱག་རྒྱུའི་དམིགས་ཡུལ་འཛིན་གྱི་ཡོད་ལ་མདོར་ན་རྒྱ་ནག་མི་རིགས་གཅིག་གི་འོག་དུ་འཇུག་ཐབས་བྱེད་བཞིན་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
རྒྱ་ནག་གི་ཁྲིམས་འཛིན་བློན་ཆེན་གཞོན་པ་ཧུ་ཝེ་ལི་ཡིས་ཁྲིམས་ཡིག་དེ་ལ་རྒྱབ་སྐྱོར་བྱས་ཏེ་དེ་ནི་ཁྲིམས་མཐུན་གྱི་སྒོ་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་། དེ་བཞིན་མི་རིགས་འཆམ་མཐུན་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་ཕྱི་ཚེས་ ༢༤ ཉིན་གསར་འགོད་ལྷན་ཚོགས་ཞིག་གི་ཐོག་བརྗོད་འདུག
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་བུ་ཆུང་ཚེ་རིང་ལགས་ཀྱིས་ཁྲིམས་ཡིག་གི་དོན་ཚན་ ༦༣ པ་ཚུད་པའི་དོན་ཚན་ཁག་གིས་ཕྱི་རྒྱལ་དུ་གནས་སྡོད་བོད་མི་ཚོར་ཤུགས་རྐྱེན་ཐེབས་སྲིད་པ་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

རྒྱ་ནག་གི་ཁྲིམས་འཛིན་བློན་ཆེན་གཞོན་པ་ཧུ་ཝེ་ལི་ཡིས་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་གསར་པ་འདི་ཁྲིམས་མཐུན་ཡིན་ཞེས་བརྗོད་པ་ནི་རྒྱ་ནག་དམར་ཤོག་ཚོགས་པར་ངོ་རྒོལ་བྱེད་མཁན་ཕྱི་རྒྱལ་དུ་ཡོད་པའི་བོད་མི་ཚོར་གནོན་ཤུགས་དང་འཇིགས་སྐུལ་བྱེད་པའི་ཆེད་དུ་ཡིན་པ་དང་། དེས་ཕྱི་རྒྱལ་དུ་ངོ་རྒོལ་བྱེད་མཁན་གྱི་བོད་མི་ཚོར་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པ་དང་། ལྷག་པར་དུ་ཁྲིམས་ཡིག་དོན་ཚན་ ༦༣ པ་དང་འབྲེལ་བ་རྟགས་ཏེ་ཕྱི་རྒྱལ་དུ་གནས་སྡོད་བོད་མི་ཚོ་བོད་དུ་འགྲོ་རྒྱུ་བཀག་འགོག་དང་འགོག་རྐྱེན་བྱེད་པར་བེད་སྤྱོད་གཏོང་སྲིད་པ་རེད་ཅེས་བུ་ཆུང་ལགས་ཀྱིས་གསུངས་བྱུང་།
ཁྲིམས་ཡིག་དེའི་ནང་གི་གལ་ཆེའི་དོན་ཚན་གཅིག་ནི་དོན་ཚན་ ༦༣ དེ་ཡིན་པ་རེད། གལ་སྲིད་ཕྱི་རྒྱལ་ནང་གནས་སྡོད་མི་སྒེར་དང་ཚོགས་པ་གང་རུང་ཞིག་གིས་རྒྱ་ནག་མི་རིགས་མཐུན་སྒྲིལ་ལ་གཏོར་བརླག་བཏང་བའམ་ཡང་ན་ཁ་བྲལ་རིང་ལུགས་དར་སྤེལ་བྱེད་པ་ཡིན་ཚུལ་གཤོད་ཡུལ་དུ་གྱུར་ན་རྒྱ་ནག་གཞུང་གིས་དེ་དག་ལ་ཁྲིམས་མཐུན་གྱི་འགན་འཁྲི་བསྐུར་རྒྱུའི་ཆ་རྐྱེན་ཞིག་སྐྲུན་གྱི་ཡོད་པ་རེད།
རྒྱ་ནག་གིས་མི་རིགས་མཐུན་སྒྲིལ་ཟེར་བའི་ཁྲིམས་དེ་རྒྱལ་མཚམས་ལས་བརྒལ་ནས་ལག་བསྟར་བྱེད་སྲིད་པར་ངོས་འཛིན་བྱེད་པ་འདི་ཆོད་མེད་ཀྱི་གནད་དོན་ཞིག་དང་སེམས་ཁྲལ་ཆེན་པོ་བྱེད་གཞི་ཞིག་ཀྱང་ཡིན་པས། ཉེན་འགན་འདི་དོར་རྒྱུ་ཡོད་མ་རེད་ཅེས་ཡུ་གུར་སྲུང་སྐྱོབ་ཀྱི་ལས་འགུལ་ཚོགས་པའི་རུ་ཁག་གི་འགོ་ཁྲིད་ཨརསི་ལན་ཧི་དྷ་ཡཏི་ (Arslan Hidayat) ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཡུ་གུར་སྡེ་ཚན་ལ་གསུངས་ཡོད་ལ། རྒྱ་ནག་གིས་རྒྱལ་མཚམས་བརྒལ་བའི་བཙན་གནོན་བྱེད་པའི་ལོ་རྒྱུས་རིང་པོ་ཡོད་ཅིང་། ཁྲིམས་འདི་ནི་ཕྱི་རྒྱལ་དུ་ཡོད་པའི་ཡུ་གུར་དང་བོད་མི་ལ་སོགས་པའི་ལས་འགུལ་འཐབ་རྩོད་བྱེད་མཁན་ཚོར་ཁྲིམས་མཐུན་ཁག་དཀྲི་བྱས་ཏེ་དམིགས་འབེན་དུ་འཛིན་ཆེད་དུ་བཟོས་པ་ཞིག་མངོན་གྱི་འདུག་ཅེས་གསུངས་བྱུང་།
འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ཁྲིམས་འཆར་དེས་ལྟ་གྲུབ་ཀྱི་ཚོད་འཛིན་ཤུགས་ཆེ་རུ་གཏོང་བ་དང་རྒྱལ་མཚམས་ལས་བརྒལ་བའི་ཤུགས་རྐྱེན་ཆེ་རུ་གཏོང་ཐུབ་ཀྱི་ཡོད་ཅེས་བརྗོད་ཡོད།
ཁྲིམས་ཡིག་དེ་ཕྱི་ཟླ་ ༧ ཚེས་ ༡ ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པ་རེད།།
