མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་འདི་རྒྱལ་སྤྱིའི་ཁྲིམས་དང་འགལ་གྱི་ཡོད་ཅེས་སྤྱི་འཐུས་ཚོགས་གཙོས་གསུངས་པ།
རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འཚོགས་པའི་སྦརིཀསི་ (BRICS) ཞེས་རྒྱ་གར་དང་། རྒྱ་ནག སྦརཱཛིལ། ར་ཤི་ཡ། ལྷོ་ཨཧྥ་རི་ཀ་བཅས་རྒྱལ་ཁབ་ལྔའི་དབུ་ཁྲིད་ལྷན་ཚོགས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བའི་སློབ་སྟོན་དཔོན་རིཊ་ཀྱི་ཚོགས་འདུ་ཐེངས་ ༡༦ པ་འཚོགས་ཡོད་པ་དེའི་ཐོག རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་སོགས་ཀྱི་གནད་དོན་ཐད་ཐེར་འདོན་གནང་པ་བྱུང་མེད་པ་དང་འབྲེལ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྒྲོལ་མ་ཚེ་རིང་ལགས་ཀྱིས། འཛམ་གླིང་ནང་གསར་གཏོད་གང་འདྲ་ཞིག་ཡོང་དགོས་པ་ནི་བྱམས་བརྩེས་ཀུན་ནས་བླངས་པའི་གསར་གཏོད་ཅིག་དགོས་ལ། ཡར་རྒྱས་གང་འདྲ་ཞིག་དགོས་ན་བདེན་དཔང་ཐུབ་པའི་ཡར་རྒྱས་ཤིག་དགོས་པས། རྒྱལ་ཁབ་ཀྱི་དབུ་ཁྲིད་གདེང་ཚོད་ཅན་དང་ཞེད་སྣང་མེད་པ་ཞིག་ཡིན་ན། སྤྱི་ཚོགས་ནང་སྐད་ཡིག་དང་ཆོས་ལུགས། མི་རིགས་ཀྱི་ཁྱད་ཆོས་མི་འདྲ་བ་གནས་ཐུབ་ན་དེ་ནི་མཛེས་སྡུག་ལྡན་པ་ལས་འགོག་རྐྱེན་དུ་མི་འགྲོ་བས། རྒྱ་ནག་གིས་བོད་པའི་ངོ་བོ་རྩ་བརླག་ཏུ་གཏོང་བའི་ཁྲིམས་ཡིག་སྟེ་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་ནི་རྒྱལ་སྤྱིའི་ཁྲིམས་ལུགས་དང་འགལ་གྱི་ཡོད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

ཐེངས་འདིའི་སྦརིཀསི་ (BRICS) ཡི་ཚོགས་འདུ་གྲུབ་རྗེས། ཟུར་དུ་རྒྱ་གར་དང་རྒྱ་ནག་དབར་ཚོགས་འདུ་ཞིག་འཚོགས་ཡོད་པའི་སྐོར་དང་འབྲེལ། རྒྱ་ནག་གཞུང་འབྲེལ་གསར་ཁང་གོ་ལའི་དུས་བབ་ (Global Times) ནང་། ལྦང་ཡིས་རྒྱ་གར་དང་རྒྱ་ནག་གཉིས་ནི་ཁ་གཏད་མ་ཡིན་པར་མཉམ་ལས་བྱེད་མཁན་ཞིག་ཡིན་པ་ནན་བརྗོད་ཀྱིས་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་བ་སྲ་བརྟན་དུ་གཏོང་བར་སྐུལ་འདེད་བྱས་ཡོད་ཅིང་། རྒྱལ་ཁབ་ཕྱོགས་གཉིས་ཀྱིས་ཕན་ཚུན་གྱི་ཁེ་ཕན་གཙོ་བོར་དམིགས་ཏེ། ཚོར་བ་སྐྱེན་པའི་གནད་དོན་རྣམས་ལ་ལེགས་པར་སྟངས་འཛིན་དང་། ས་མཚམས་ཀྱི་གནད་དོན་དེས་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་བར་ཤུགས་རྐྱེན་མི་ཐེབས་པར་འབད་དགོས་པའི་འབོད་སྐུལ་ཞུས་ཡོད་པ་བཀོད་འདུག་ལ། རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་རཱན་དྷིར་ཇཡེསི་ཝལ་ (Randhir Jaiswal) གྱིས་སྤྱི་ཚོགས་དྲྭ་ལམ་ X ཐོག་རྒྱ་གར་གྱི་བདེ་འཇགས་སློབ་སྟོན་པ་ཨ་ཇིཊ་ཌོ་ཝལ་ (Ajit Doval) ལགས་ཀྱིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལྦང་ཡི་དང་ལྷན། རྒྱ་གར་གཞུང་ངོས་ནས་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་འཕེལ་རྒྱས་ཀྱི་རྣམ་པ་མཐོང་བཞིན་ཡོད་པས། ཕན་ཚུན་གྱི་འབྲེལ་ལམ་བརྟན་པོ་དང་སྔོན་དཔག་ཐུབ་པའི་རང་བཞིན་ལྡན་པ་སོགས་རྒྱལ་ཁབ་ཕྱོགས་གཉིས་དབར་ཡིད་ཆེས་དང་བསམ་གཞིགས་ཇེ་ལེགས་སུ་གཏོང་བར་ཕན་ཐོགས་ཆེན་པོ་ཡོང་ངེས་པ་ཡིན་ཞེས་ནན་བརྗོད་གནང་ཡོད་སྐོར་ལུང་འདྲེན་བྱས་འདུག

གཞན་ཡང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལྦང་ཡིས་ཟླ་ ༦ པའི་ཚེས་ ༡༣ ནས་འགོ་འཛུགས་ཀྱིས་ཉིན་གསུམ་རིང་། སོག་པོའི་ཕྱི་སྲིད་བློན་ཆེན་ (Batmunkh Battsetseg) གིས་མགྲོན་འབོད་བྱས་པ་ལྟར་སོག་པོར་ཕྱོགས་བསྐྱོད་ཀྱིས། བཀའ་མོལ་ཇི་བྱུང་རྒྱ་ནག་གཞུང་འབྲེལ་གསར་ཁང་གོ་ལའི་དུས་བབ་ (The Global Times) ནང་། སོག་པོ་དང་རྒྱ་ནག་གཉིས་ཀྱིས་རྒྱལ་ཁབ་ཕན་ཚུན་གྱི་རང་བཙན་གྱི་གནས་བབ་ལ་གུས་བརྩི་བྱེད་ཐོག་ཕན་ཚུན་གྱི་ནང་སྲིད་ལ་ཐེ་བྱུས་མི་བྱ་རྒྱུའི་ནན་བརྗོད་བྱས་པ་དང་།སོག་པོས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་རྒྱབ་སྐྱོར་གྱིས་བོད་དང་། ཧོང་ཀོང་། ཤིན་ཅང་བཅས་ཀྱི་གནད་དོན་ནི་རྒྱ་ནག་གི་ནང་སྲིད་གནད་དོན་ཡིན་པ་ནན་བརྗོད་བྱས་ཡོད་པ་ལུང་འདྲེན་གྱིས་བཀོད་འདུག་ལ། མ་ཟད་སོག་པོའི་ངོས་ནས་རྒྱ་ནག་དང་སོག་པོ་གཉིས་ཀྱིས་རྒྱལ་ཁབ་དེ་གཉིས་ལ་དམིགས་པའི་དམག་དོན་དང་མནའ་འབྲེལ་སོགས་ཀྱི་ནང་མཉམ་ཞུགས་མི་བྱ་རྒྱུ་སོགས་ཀྱི་ཁས་ལེན་བྱས་འདུག
སྤྱི་འཐུས་ཚོགས་གཙོ་སྒྲོལ་མ་ཚེ་རིང་ལགས་ཀྱིས། བོད་ནི་གནའ་བོའི་དུས་ནས་རྒྱ་ནག་གི་ཆ་ཤས་མིན་པ་ལོ་རྒྱུས་ཀྱིས་དཔང་པོ་ཐུབ་པའི་གནས་བབ་ཅིག་ཡིན་པས། རྒྱ་ནག་གིས་རྒྱལ་ཁབ་གཞན་རྣམས་རྒྱ་ནག་དང་ལྷན་ཚོང་འབྲེལ་བྱེད་པར། བོད་རྒྱ་ནག་གི་ཆ་ཤས་ཡིན་པར་ངོས་འཛིན་དགོས་ཚུལ་ཆ་རྐྱེན་དུ་བཞག་གི་ཡོད་པས། དེས་རྒྱ་ནག་ལ་བོད་བདག་བཟུང་བྱེད་པའི་བདག་དབང་མེད་པས་གནད་དོན་གཞན་ལས་སྒྲུབ་ཐབས་བྱེད་བཞིན་པ་མཐོང་ཐུབ་པས། སོག་པོ་གཙོས་པས་རྒྱལ་ཁབ་སུ་འདྲ་ཞིག་གིས་རྒྱ་ནག་དང་ཚོང་འབྲེལ་དགོས་ན་བོད་ཀྱི་གནས་བབ་རྒྱུས་ལོན་དང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལ་ཞིབ་འཇུག་མ་བྱེད་པ་དེ་བཟང་སྤྱོད་དང་འགལ་བ་རེད་ཅེས་གསུང་གི་འདུག
གནད་དོན་དེ་འབྲེལ་རུ་སོག་སྐུ་ཚབ་དོན་གཅོད་ཟུར་པ་ཏེ་ལོ་རིན་པོ་ཆེ་མཆོག་གིས། རྩ་བའི་དེ་སྔ་ཕྱི་ལོ་ ༡༩༡༣ ལོར་བོད་སོག་གཉིས་ཀྱི་དབར་རྒྱལ་ཁབ་ཕྱོགས་གཉིས་ཀ་རང་བཙན་ཡིན་པ་མཚོན་བྱེད་ཀྱི་ཆིངས་ཡིག་བཞག་ཡོད་པ་སོགས། བོད་སོག་གི་འབྲེལ་བ་ནི་ལོ་རྒྱུས་ཐོག་བསུབ་ཐབས་མེད་པའི་འབྲེལ་བ་དམ་ཟབ་ཅན་ཞིག་ཡོད་པས། སོག་པོའི་གཞུང་དམངས་གཉིས་ཀྱིས་བོད་ཀྱི་གནད་དོན་ཐོག་མང་པོ་ཞིག་གིས་མཁྱེན་གྱི་ཡོད་ལ། ཉེ་ལམ་སོག་ཡུལ་ནས་མི་སྟང་ཕྲག་ཁ་ཤས་བཞུགས་སྒར་རྡ་སར་བཅར་ཏེ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་པ་དང་། རྡ་སར་འཚམས་གཟིགས་སུ་ཕྱིན་པ་དེས་བོད་པའི་སྤྱི་ཚོགས་ལ་རྒྱུས་ལོན་གང་ལེགས་བྱུང་ཡོད་པའི་རེ་བ་གནང་གི་ཡོད་ཅེས་འདི་ག་རླུང་འཕྲིན་ཁང་ལ་གསུང་གི་འདུག
བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
