རྒྱ་ནག་གཞུང་གིས་བསམ་བློའི་སློབ་གསོ་ཟེར་བ་དང་མི་རིགས་མཐུན་སྒྲིལ་ཟེར་བའི་བརྗོད་གཞིའི་འོག་བོད་ཀྱི་ས་མཐོའི་ས་ཁུལ་ཁག་དང་ལྷག་པར་དུ་རྒྱ་གར་དང་ས་འབྲེལ་གྱི་མཐའ་མཚམས་ས་གནས་ཁག་ཏུ་དམག་དོན་ཅན་གྱི་དམ་དྲག་དང་རྒྱ་སྒྱུར་གྱི་ཆབ་སྲིད་དྲིལ་བསྒྲགས་ཤུགས་ཆེ་རུ་གཏོང་བཞིན་ཡོད་འདུག
ས་མཚམས་ས་ཁུལ་དུ་དམག་དོན་ཅན་གྱི་ལྟ་རྟོག་བྱེད་བཞིན་པ།
རྒྱ་གར་དང་ས་མཚམས་འབྲེལ་བའི་རྒྱ་མཚོའི་ངོས་ལས་མཐོ་ཚད་མི་ཊེར་ ༥༠༥༠ ཡོད་པའི་གམ་པ་རྫོང་གི་འགྱེས་རུ་གྲོང་ཚོ་སོགས་སུ་ས་གནས་ཀྱི་གནས་ཚུལ་དང་འདྲ་པར་ལས་མངོན་པར། རྒྱ་ནག་གཞུང་གིས་ས་གནས་མང་ཚོགས་ཀྱི་ཁྲོད་དུ་སྒྲིག་ཆས་གཡོགས་ཏེ་རྒྱ་ནག་གི་རྒྱལ་དར་དང་དམར་ཤོགས་ཚོགས་པའི་དར་ཆ་བཟུང་བཅུག་ནས། གངས་རི་དང་བྱེ་ཐང་གང་སར་སྦག་སྦག་རུ་ཁག་སྒྲིག་འཛུགས་བྱས་ཏེ་ས་མཚམས་ལ་སྐོར་གཡེང་བྱེད་དུ་འཇུག་བཞིན་ཡོད་ཅིང་། འདི་ནི་དོན་དངོས་སུ་གྲོང་གསེབ་ཀྱི་འགོ་ཁྲིད་དང་དམག་མི་ཟུང་འབྲེལ་གྱིས་མི་རེ་ངོ་རེ་ནི་སོ་ལྟའི་དམག་མི་ཟེར་བ་དང་ཁྱིམ་ཚང་རེ་རེ་ནི་སོ་ལྟའི་ས་ཚིགས་ཟེར་བ་བཟོས་ཏེ། བོད་མི་ཚོར་རང་དབང་མེད་པར་རྒྱ་ནག་དམར་ཤོག་གི་བཀོད་སྒྲིག་འོག་ས་མཚམས་སྲུང་མཁན་གྱི་ལག་ཆར་བེད་སྤྱོད་བྱེད་བཞིན་ཡོད་འདུག

རྒྱ་སྐད་བཙན་འགེལ་གྱིས་བསམ་བློ་རྒྱ་སྒྱུར་བྱེད་བཞིན་པ།
ཡང་ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༢༢ ནས་ ༢༥ བར་ཉིན་གྲངས་བཞིའི་རིང་། མཐའ་མཚམས་ས་ཁུལ་ལྷོ་ཁ་མཚོ་སྣ་གྲོང་ཁྱེར་གྱི་འབྲེལ་ཡོད་ཚན་པས་ས་གནས་ཀྱི་གྲོང་གསེབ་དང་ས་གནས་ཁུལ་གྱི་བོད་རིགས་ལས་བྱེད་པ་ ༤༠ ལྷག་ཙམ་བསྡུ་སྐོང་གིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་རྒྱ་ཡིག་རྒྱ་སྐད་ཀྱི་བེད་སྤྱོད་ནུས་པ་གོང་མཐོར་གཏོང་རྒྱུའི་ཆེད་དམིགས་པའི་སྦྱོང་བརྡར་ཞིག་གཉེར་ཡོད་པ་དང་། རྒྱ་ནག་གཞུང་གི་དྲིལ་བསྒྲགས་ནང་གསལ་བ་ལྟར་ན། སྦྱོང་བརྡར་འདིའི་དམིགས་ཡུལ་གཙོ་བོ་ནི། བོད་ཀྱི་ས་གནས་ལས་བྱེད་པ་ཚོའི་སེམས་སུ་ཡང་དག་པའི་སྐད་ཡིག་གི་ལྟ་བ་དང་། མི་རིགས་ཀྱི་ལྟ་བ། རྒྱལ་ཁབ་ཀྱི་ལྟ་བ་ཟེར་བ་བཙན་གྱིས་སྐྲུན་རྒྱུ་དང་། རྒྱ་ནག་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་ངོ་བོ་སྲ་བརྟན་ཟེར་བ་བཟོ་རྒྱུ་དེ་ཡིན་པ་བརྗོད་འདུག

རྒྱ་ནག་གཞུང་གིས་བོད་ཀྱི་མཐའ་མཚམས་ས་ཁུལ་ཁག་ཏུ་དམག་དོན་ཅན་གྱི་སྐོར་གཡེང་དང་སོ་ལྟ་བྱེད་དུ་འཇུག་རྒྱུ་དེ་ཕྱི་ཕྱོགས་ཀྱི་རྒྱ་སྐྱེད་ལས་དོན་གཙོ་བོར་བཟུང་ཡོད་པ་མ་ཟད། ནང་ཁུལ་དུ་ས་གནས་ཀྱི་བོད་རིགས་ལས་བྱེད་པ་ཚོའི་བསམ་བློ་དང་སྐད་ཡིག་རྒྱ་སྒྱུར་བྱས་ཏེ། བོད་མིའི་ཐུན་མོང་མ་ཡིན་པའི་ངོ་བོ་དང་བསམ་བློར་སྟངས་འཛིན་གྱིས་ས་མཚམས་ཁུལ་དུ་དམར་ཤོག་ཚོགས་པའི་སྲིད་དབང་བརྟན་པོ་བཟོ་ཐབས་བྱེད་བཞིན་ཡོད་པ་གསལ་པོ་ཆགས་ཡོད།།
