མི་རིགས་མཐུན་སྒྲིལ་ནི་བོད་ནང་དུ་ཁྲིམས་ཐོག་ནས་གདུག་རྩུབ་བྱེད་པའི་ལག་ཆ་རེད་ཅེས་གསུངས་པ།

ད་བར་རྒྱ་གཞུང་གིས་བོད་ནང་དུ་སྤེལ་བའི་གདུག་རྩུབ་ཀྱི་སྲིད་བྱུས་རྣམས་ཁྲིམས་ཐོག་ནས་གཏན་འབེབས་ཀྱིས་ལག་བསྟར་བྱ་རྒྱུའི་སྲིད་བྱུས་ཤིག་རེད་ཅེས་སྲིད་སྐྱོང་མཆོག་གིས་གསུངས་པ།

སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེས། ད་བར་རྒྱ་གཞུང་གིས་བོད་ནང་དུ་སྤེལ་བའི་གདུག་རྩུབ་ཀྱི་སྲིད་བྱུས་རྣམས་ཁྲིམས་ཐོག་ནས་གཏན་འབེབས་ཀྱིས་ལག་བསྟར་བྱ་རྒྱུའི་སྲིད་བྱུས་ཤིག་རེད་ཅེས་གསུང་གི་འདུག

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་གོ་སྒྲིག་འོག་ཟླ་ ༦ ཚེས་ ༢༦ ཉིན་རྒྱ་གར་རྒྱལ་སྤྱིའི་བསྟི་གནས་ཁང་དུ་བསྐོང་ཚོགས་གནང་བའི་ (China’s New Ethnic Law: A legal assault on the survival of Tibetan language, culture and identity) རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག བོད་ཀྱི་སྐད་ཡིག་དང་རིག་གཞུང་། ངོ་བོ་བཅས་གསོན་གནས་ལ་ཁྲིམས་ཐོག་ནས་རྒོལ་རྡུང་ཞེས་པའི་བརྗོད་གཞིའི་ཐོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་རྒྱ་གར་གྱི་མཁས་དབང་ཁག་ཅིག་གདན་ཞུས་ཀྱིས་བགྲོ་གླེང་ཞིག་འཚོགས་ཡོད་པ་རེད།

བགྲོ་གླེང་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས། རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་དེ། རྒྱལ་སྤྱིའི་སྤྱི་ཚོགས་ལ་མི་རིགས་མཐུན་སྒྲིལ་སྲ་བརྟན་དུ་གཏོང་ལུགས་བརྗོད་ཀྱི་ཡོད་ཀྱང་། དོན་དངོས་སུ་ཁྲིམས་ཡིག་དེས་བོད་མི་རྣམས་ཀྱི་ངོ་བོ་རྒྱ་སྒྱུར་དང་། རིག་གཞུང་ཉམས་དམས། ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་བསྒྲགས་སོགས། རྒྱ་ནག་གཞུང་གིས་ལོ་མང་རིང་བོད་ནང་དུ་སྤེལ་བཞིན་པའི་གདུག་རྩུབ་ཅན་ཀྱི་སྲིད་བྱུས་རྣམས་ད་ཆ་ཁྲིམས་ཐོག་ནས་གཏན་འབེབས་བྱས་པ་ཞིག་རེད་ཅེས་གསུངས་ཡོད་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ནག་གཞུང་གིས་བོད་དང་ཡུ་གུར། ཧོང་ཀོང་། ཐའེ་ཝན། ལྷོ་སོག་བཅས་ཀྱི་ཐོག་དྲག་གནོན་དབང་སྒྱུར་བྱེད་བཞིན་པའི་བྱ་སྤྱོད་ལ་དོ་སྣང་གནང་རྒྱུའི་དུས་ལ་བབ་ཅིང་། མང་གཙོའི་རྒྱལ་ཁབ་རྣམས་མཉམ་ལས་ཀྱིས་སྲིད་དབང་སྒེར་གཅོད་ལམ་ལུགས་ཀྱི་རྒྱ་ནག་ལ་ཁ་གཏད་གཅོག་དགོས་པའི་འབོད་སྐུལ་ཞུས་སོང་།

བཞུགས་སྒར་རྡ་སའི་ཉེ་འཁྲིས་སུ་བོད་ཀྱི་དུས་སྟོན་འཚོགས་པ། ༢༠༢༦།༥།༢༨
བོད་ཀྱི་དུས་སྟོན་སར་སྲིད་སྐྱོང་མཆོག་གིས་གསར་འགོད་པར་བཀའ་ལན་གནང་བཞིན་པ། བཞུགས་སྒར་རྡ་སའི་ཉེ་འཁྲིས་སུ་བོད་ཀྱི་དུས་སྟོན་འཚོགས་པ། ༢༠༢༦།༥།༢༨ (Tibet.Net)

རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག བོད་ཀྱི་སྐད་ཡིག་དང་རིག་གཞུང་། ངོ་བོ་བཅས་གསོན་གནས་ལ་ཁྲིམས་ཐོག་ནས་རྒོལ་རྡུང་ཞེས་པའི་བརྗོད་གཞིའི་ཐོག JNU གཙུག་ལག་སློབ་གཉེར་ཁང་གི་ཤར་ཨེ་ཤི་ཡའི་སྡེ་ཚན་གྱི་རྒྱ་ནག་ཐོག་གི་སློབ་དཔོན་ཆེན་མོ་སྐུ་ཞབས་ (Srikanth Kondapalli) ལགས་དང་། རྒྱ་གར་གྱི་དམག་སྤྱི་ཟུར་པ་སྐུ་ཞབས་ (G.D Bakshi) ལགས། རྒྱ་གར་གྱི་རྒྱ་ནག་ཐོག་ཉམས་ཞིབ་དང་ཐབས་བྱུས་ལྟེ་གནས་ཁང་གི་ཚོགས་གཙོ་སྐུ་ཞབས་ (Jayadeva Ranade) ལགས་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བགྲེས་པ་འབུམ་རམས་པ་བསྟན་འཛིན་བདེ་གསལ་ལགས་བཅས་ཀྱིས། ཁྲིམས་ཡིག་དེའི་དགོས་དམིགས་དང་རྒྱབ་ལྗོངས་ཀྱི་དམིགས་ཡུལ་སོགས་ཀྱི་སྐོར་ལ་གཏམ་བཤད་གནང་སྐབས་སུ།

རྒྱ་གར་གྱི་རྒྱ་ནག་ཐོག་ཉམས་ཞིབ་དང་ཐབས་བྱུས་ལྟེ་གནས་ཁང་གི་ཚོགས་གཙོ་སྐུ་ཞབས་ (Jayadeva Ranade) ལགས། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེ་ནི་གཙོ་བོ་ད་ལྟའི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་དམིགས་ཡུལ་ཁོ་ན་ཡིན་པས། སྲིད་བྱུས་དེ་རིགས་ཀྱིས་རྒྱ་ནག་ནི་ད་ལྟའང་བོད་མི་རྣམས་ཀྱི་བློ་བསྒྱུར་མི་ཐུབ་པའི་གཉན་འཕྲང་ཅན་གྱི་གནས་སུ་ལུས་ཡོད་པ་མཚོན་ཞིང་། ཁྲིམས་དེ་ལྟ་བུ་གཏན་འབེབས་བྱས་པ་ནི་གནས་ཚུལ་ཆུང་ཆུང་ཞིག་མིན་པར་གནད་དོན་གལ་ཆེན་ཞིག་ཡིན་པས། རྒྱལ་སྤྱིའི་སྤྱོ་ཚོགས་ནས་གནད་དོན་དེའི་ཐོག་ལག་བསྟར་དགོས་གལ་ཆེ་ཞེས་གསུང་གི་འདུག་ལ། རྒྱ་གར་གྱི་དམག་སྤྱི་ཟུར་པ་སྐུ་ཞབས་ G.D Bakshi ལགས་ཀྱིས། རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེ་བཞིན་ལག་བསྟར་བྱས་ཚེ། འགྲོ་བ་མིའི་རིགས་ལ་གྱོང་གུན་ཆེན་པོ་ཞིག་འཕྲད་སྲིད་པས། གཙོ་བོ་རྒྱ་ནག་རང་གི་ཆབ་སྲིད་ཀྱི་དགོས་མཁོ་དང་བསྟུན་ནས། བོད་ཀྱི་ཕུན་སུམ་ཚོགས་པའི་ཆོས་དང་རིག་གཞུང་། སྐད་ཡིག བཅས་པ་རྩ་མེད་དུ་གཏོང་བར་ཨུ་ཚུགས་མི་བྱེད་པའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུང་གི་འདུག ཡང་ JNU གཙུག་ལག་སློབ་གཉེར་ཁང་གི་ཤར་ཨེ་ཤི་ཡའི་སྡེ་ཚན་གྱི་རྒྱ་ནག་ཐོག་གི་སློབ་དཔོན་ཆེན་མོ་སྐུ་ཞབས་ Srikanth Kondapalli ལགས་ཀྱིས། རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེ་གཏན་འབེབས་བྱས་པ་ནི། རྒྱ་ནག་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཙམ་མ་ཟད་རྒྱལ་སྤྱིའི་ཁྲིམས་ལུགས་དང་འགལ་ཟླར་འགྲོ་ཡི་ཡོད་པས། བོད་མིའི་འགོ་ཁྲིད་དང་འཐབ་རྩོད་པ་རྣམས་ཀྱིས། དེ་འབྲེལ་ཞིབ་འཇུག་དཔྱད་རྩོམ་གང་མང་བྲིས་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་སུ་ཁྱབ་བསྒྲགས་གཏང་རྒྱུ་དང་། མང་གཙོའི་རྒྱལ་ཁབ་གཞན་ཚོས་ཀྱང་གནད་དོན་དེར་དོ་སྣང་ཆེ་ཙམ་བྱེད་དེ་རྒྱལ་ཁབ་གཞན་ཚོར་ཉེན་བརྡ་གཏང་དགོས་པ་ཡིན་ཞེས་གསུངས་པ་དང་སྦྲགས། གལ་ཆེ་ཤོས་ནི་བོད་མི་ཚོས་སྟོབས་ཤུགས་ལྡན་ཞིང་གསར་གཏོད་རང་བཞིན་སྒོ་ནས་བོད་དོན་འཐབ་རྩོད་བྱ་དགོས་ཞེས་གསུངས་འདུག

རྩ་བའི་རྒྱ་ནག་གཞུང་གིས་གཏན་ལ་ཕབ་པའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཟེར་བ་དེ་ཟླ་ ༣ ཚེས་ ༡༢ ཉིན་གཏན་འབེབས་བྱས་པ་དང་། ཟླ་ ༧ ཚེས་ ༡ ཉིན་ནས་དངོས་སུ་ལག་བསྟར་བྱེད་ཀྱི་ཡོད་པ་དང་། ཁྲིམས་འདི་བརྒྱུད་ནས་བོད་མིའི་ཐོབ་ཐང་དང་ངོ་བོ། རིག་གཞུང་ལ་སོགས་པར་དམ་དྲག་དང་། བཙན་ཤེད་ཀྱིས་རྒྱ་འགྱུར་གྱི་སྲིད་ཇུས་སྤེལ་བཞིན་པར་རྒྱལ་སྤྱིའི་སྤྱི་ཚོགས་ནས་སྐྱོན་བརྗོད་དང་སེམས་འཚབ་ཆེན་པོ་བྱེད་བཞིན་ཡོད་པ་མ་ཟད། བོད་ནང་གི་བོད་མི་ཚོའི་ཁྲོད་དུ་ཡང་གཞུང་ཕྱོགས་ཀྱིས་མི་རིགས་མཐུན་སྒྲིལ་གྱི་མིང་ཐོག་ནས་ཚོགས་འདུ་དང་སློབ་སྦྱོང་མང་པོ་བཙན་ཤེད་ཀྱིས་སྐོང་ཚོགས་བྱས་པར་སུན་སྣང་བྱེད་ཀྱི་ཡོད་འདུག

བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།