རྒྱ་ནག་དབུས་གཞུང་དང་དམར་ཤོག་ཚོགས་པའི་དྲིལ་བསྒྲཊ་འགན་འཛིན་ཁག་ཅིག་བོད་དུ་བསྐྱོད་པ།

རྒྱ་ནག་གཞུང་གིས་བོད་ཕྱི་ནང་གཉིས་སུ་དྲིལ་བསྒྲགས་ཀྱི་ལས་དོན་ཤུགས་ཆེ་རུ་བཏང་སྟེ་གཏམ་བརྗོད་ཀྱི་དབང་ཆ་འཕྲོག་ཐབས་བྱེད་བཞིན་པ།

རྒྱ་ནག་དབུས་དྲིལ་བསྒྲགས་ལྷན་ཁང་གི་འགན་འཛིན་གཞོན་པ་དང་། རྒྱལ་ཁབ་རླུང་འཕྲིན་དང་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཚའོ་ཧྲུའུ་མིན་བོད་ལ་བསྐྱོད་དེ། བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་ཝང་ཅུན་ཀྲེང་དང་མཉམ་དུ་བོད་ནང་གི་དྲིལ་བསྒྲགས་སློབ་གསོའི་ལས་དོན་དང་རྒྱལ་སྤྱིའི་ཐོག་བོད་སྐོར་གྱི་དྲིལ་བསྒྲགས་ལས་དོན་ཐོག་ལ་བགྲོ་གླེང་བྱས་ཡོད་པ་ཉེ་ཆར་རྒྱ་ནག་གཞུང་ཕྱོགས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་འདུག གནས་ཚུལ་འདིས་རྒྱ་གཞུང་གིས་བོད་ཕྱི་ནང་གཉིས་ཀར་དམར་ཤོག་ཚོགས་པའི་ལྟ་བ་དང་སྲིད་ཇུས་གཞིར་བཞག་པའི་དྲིལ་བསྒྲགས་ལས་གཞི་གཞི་རྒྱ་ཆེ་རུ་གཏོང་བཞིན་ཡོད་པ་ར་སྤྲོད་བྱུང་ཡོད།

རྒྱ་ནག་གཞུང་གིས་བོད་ནང་བསམ་བློའི་ཤུགས་རྐྱེན་སྤྲད་པ།

ད་རེས་ཀྱི་གྲོས་མོལ་འདི་ནི། ཕྱི་ལོ་ ༢༠༢༥ ལོའི་ཟླ་ ༨ པའི་ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་བོད་ནང་བཏོན་པའི་རྒྱ་ནག་གི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་བསམ་བློ་ཟེར་བ་གཞིར་བཟུང་། བོད་ནང་དུ་དམར་ཤོག་ཚོགས་པའི་སྐད་སྒྲ་དང་ལྟ་བ་རྣམས་བོད་ཀྱི་གྲོང་གསེབ་དང་ཁྱིམ་ཚང་ཡོངས་ལ་ཁྱབ་པར་བྱ་རྒྱུ་དེ་རེད་འདུག བོད་རང་སྐྱོང་ལྗོངས་ཀྱི་དཔོན་རིགས་ཝང་ཅུན་ཀྲེང་གིས་རྒྱལ་ཁབ་རླུང་འཕྲིན་དང་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་དམར་ཤོག་ཚོགས་པའི་སྐད་ཆ་གངས་ལྗོངས་ཀྱི་ཁྱིམ་ཚང་ཡོངས་སུ་ཁྱབ་པར་བྱས་ཡོད་ཅེས་བསྟོད་བསྔགས་བྱས་པ་མ་ཟད། མ་འོངས་པར་འཕྲུལ་རིག་གསར་པ་བེད་སྤྱོད་ཀྱིས་བོད་མིའི་ཁྲོད་དམར་ཤོག་ཚོགས་པའི་བསམ་བློ་སིམ་འཛུལ་དང་བསམ་བློའི་ཤུགས་རྐྱེན་སྤེལ་བའི་ལས་འགུལ་ཤུགས་ཆེ་རུ་གཏོང་དགོས་པའི་སྐུལ་མ་བྱས་འདུག ཡང་ཚའོ་ཧྲུའུ་མིན་གྱིས་ཀྱང་རྒྱལ་ཁབ་རླུང་འཕྲིན་དང་བརྙན་འཕྲིན། དྲ་ཐོག་སྒྲ་བརྙན་གྱི་ནུས་པ་བེད་སྤྱོད་བཏང་ནས་དམར་ཤོག་ཚོགས་པའི་གསར་གཏོད་རིག་གཞུང་གི་རྒྱུན་མཐུད་དྲིལ་བསྒྲགས་ཟེར་བ་དང་། གཙོ་བོའི་བརྒྱུད་ལམ་གྱི་མ་ལག་བཅོས་སྒྱུར་ཟེར་བ་སོགས་ལ་རོགས་སྐྱོར་ཤུགས་ཆེན་བྱ་རྒྱུ་བརྗོད་འདུག དེས་རླུང་འཕྲིན་དང་བརྙན་འཕྲིན། དྲ་ལམ་སྒྲ་བརྙན་བཅས་ནི་བོད་ནང་དུ་དམར་ཤོག་ཚོགས་པའི་ལྟ་བ་དང་སྲིད་ཇུས་ཁྱབ་སྤེལ་བྱེད་པའི་གལ་ཆེའི་ལག་ཆ་ཞིག་ཏུ་བེད་སྤྱོད་བྱེད་བཞིན་པ་མཚོན་གྱི་ཡོད།

ས་ག་ཟླ་བ་དབུ་ཚུགས་པ་དང་རྒྱ་ནག་གཞུང་གིས་ཆོས་ལུགས་དང་སྤྱི་ཚོགས་ནང་ཕྱོགས་ཡོངས་ནས་དམ་དྲག་ཆེ་རུ་བཏང་བ།
རྒྱ་ནག་གཞུང་གིས་བོད་སྐོར་གྱི་དྲིལ་བསྒྲགས་ཤུགས་ཆེ་རུ་བཏང་བཞིན་པ། ཕོ་བྲང་པོ་ཏ་ལའི་མདུན་ཐང་དུ་རྒྱ་ནག་གི་དམག་མི། (REUTERS)

རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཐོག་བོད་སྐོར་དྲིལ་བསྒྲགས།

རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ལའང་རྒྱ་ནག་གཞུང་གིས་བོད་ཀྱི་སྒྲུང་ཡག་པོ་བཤད་དགོས་ཟེར་བའི་བཀོད་ཁྱབ་འོག་ཕྱི་རྒྱལ་གྱི་སྐད་ཡིག་དང་དྲ་རྒྱའི་བརྒྱུད་ལམ་སྣ་ཚོགས་བེད་སྤྱོད་བྱས་ཏེ་བོད་ནང་རྒྱ་ནག་གིས་བཅིངས་འགྲོལ་ཟེར་བ་བཏང་བ་ནས་བཟུང་ད་ལྟ་འཕེལ་རྒྱས་དང་བདེ་སྐྱིད་ཀྱི་འཚོ་བར་རོལ་བཞིན་ཡོད་པའི་རྣམ་པ་ཞིག་འགྲེམས་སྤེལ་བྱས་པར་ཕྱི་ཕྱོགས་ཀྱི་ཉམས་ཞིབ་པ་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་དྭོགས་ཟོན་དང་སྐྱོན་བརྗོད་བྱས་ཡོད། དམིགས་ཡུལ་གཙོ་བོ་ནི་རྒྱལ་སྤྱིའི་ཐོག་བོད་ཀྱི་གཏམ་བཤད་དང་གཏམ་བརྗོད་ཀྱི་དབང་ཆ་དེ་རྒྱ་ནག་གཞུང་གིས་འཛིན་པའི་འབད་བརྩོན་བྱེད་ཀྱི་ཡོད་པར་ངོས་འཛིན་བྱེད་ཀྱི་འདུག་ཅིང་། འོན་ཀྱང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང་བོད་དོན་ཉམས་ཞིབ་པ་ཚོས་བརྗོད་པར་གཞིགས་ན། རྒྱ་ནག་གཞུང་གིས་ཕྱི་ཕྱོགས་སུ་དྲིལ་བསྒྲགས་བྱེད་པའི་རྣམ་པ་དེ་དང་བོད་ནང་གི་དངོས་ཡོད་གནས་ཚུལ་གཉིས་བར་ཁྱད་པར་ཆེན་པོ་ཡོད་པ་དང་། དོན་དངོས་ཐོག་བོད་ནང་དུ་ད་དུང་ཡང་ཆོས་དད་རང་དབང་དང་། སྐད་ཡིག རིག་གཞུང་། གསར་འགོད་རང་དབང་སོགས་ལ་དམ་དྲག་མུ་མཐུད་བྱེད་བཞིན་ཡོད་པ་མ་ཟད། ཟླ་ ༧ ཚེས་ ༡ ཉིན་ནས་ལག་བསྟར་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཟེར་བ་འདིས་བོད་མིའི་ཐུན་མོང་མ་ཡིན་པའི་ངོ་བོ་ཡོངས་སུ་རྒྱ་ནག་ཅན་དུ་བསྒྱུར་རྒྱུའི་བཙན་ཤེད་ཀྱི་སྲིད་ཇུས་ཤུགས་ཆེ་རུ་གཏོང་བཞིན་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ནག་གཞུང་གིས་དྲ་ལམ་དུ་སྤེལ་བཞིན་པའི་དྲིལ་བསྒྲགས་ལ་དོགས་ཟོན་དང་ཐེར་འདོན་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་མང་པོས་ཁྲིམས་འདི་ནི་བོད་མི་དང་ཡུ་གུར་སོགས་ཀྱི་མི་རིགས་ཀྱི་ངོ་བོ་དང་། སྐད་ཡིག རིག་གཞུང་བཅས་ལ་ཤུགས་རྐྱེན་ངན་པ་བྱུང་སྲིད་པར་སེམས་འཚབ་བྱེད་བཞིན་ཡོད་འདུག།