རྒྱ་ནག་གཞུང་གིས་བོད་ནང་ཐབས་བྱུས་སྣ་མང་བརྒྱུད་སྤེལ་ཏེ་ “རྒྱ་ནག་གི་བོད་” ཅེས་པ་དྲིལ་བསྒྲགས་བྱེད་བཞིན་ཡོད་པ་གནད་དོན་དབྱེ་ཞིབ་པས་འགྲེལ་བརྗོད་གནང་གི་འདུག
ཉེ་ལམ་རྒྱ་རིགས་ཤིག་གིས་སྤྱི་ཚོགས་དྲྭ་ལམ་ཐོག་བོད་ཀྱི་མཛེས་སྡུག་དང་འབྲེལ་བའི་བརྙན་ཐུང་ཞིག་བཟོས་པ་དེར་དྲྭ་ལམ་ཐོག་དགའ་རྟགས་བསྐྱོན་མཁན་ས་ཡ་༢༡བྱུང་བར། བྱ་དགའ་ཨ་སྒོར་ ༧༣༥༠༠ ཐོབ་འདུག་པ་དེ་ནི། བོད་ཀྱི་སྟབས་བདེའི་ཡུལ་སྐོར་གྱི་དྲིལ་བསྒྲགས་ཙམ་མིན་པར། དེ་ནི་རྒྱ་ནག་གཞུང་གི་ཐབས་བྱུས་ལྡན་པའི་སྲིད་བྱུས་འོག་ “རྒྱ་ནག་གི་བོད་” ཅེས་པ་དྲིལ་བསྒྲགས་ཆེད་དུ་ཡིན་ཞེས། ཧྥ་རན་སིའི་མི་རིགས་ཡིན་པ་བོད་རིག་པ་བ་ (Claude Arpi) ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
དེ་ཡང་རྒྱ་ནག་གི་ལྷོ་ཕྱོགས་ཕོ་ཉའི་ནང་གནས་ཚུལ་བཀོད་པ་ལྟར་ན། རྒྱ་རིགས་བརྙན་ཐུང་བཟོ་མཁན་མིང་ལ་ @Liyaode ཟེར་བས་རྒྱ་ནག་གི་ཁྲོང་ཆིན་(Chongqing) གྲོང་ཁྱེར་ནས་བོད་ཀྱི་རྒྱལ་ས་ལྷ་ས་བར། སྤྱི་ལེ་ ༢༢༠༠ འགྲུལ་བཞུད་བྱས་པའི་བརྙན་ཞིག་སྤྱི་ཚོགས་དྲྭ་ལམ་ཐོག་དགའ་མོས་བྱེད་མཁན་མང་པོ་བྱུང་བར་བརྟེན། བོད་ཀྱི་ཡུལ་སྐོར་སྤྲོ་འཆམ་པའི་ལས་ཁུངས་ཀྱིས་ཁོ་པས་དྲྭ་ལམ་བརྒྱུད་བོད་ཀྱི་ཡུལ་སྐོར་གྱི་ལེགས་ཆ་དྲིལ་བསྒྲགས་བྱས་ཡོད་པ་དང་། བརྙན་ཐུང་དེས་ནུས་པ་ལྡན་པའི་དྲྭ་ཐོག་ནས་འགྲུལ་བཞུད་བརྒྱུད་བོད་ནང་ཡུལ་བསྐོར་གྱི་རིན་ཐང་བརྒྱུད་སྤེལ་གྱིས། བོད་ཀྱི་ཡུལ་སྐོར་ལས་ཁུངས་ཀྱིས་བསྒྲུབ་རྒྱུའི་དྲིལ་བསྒྲགས་དང་མཐུན་ཞིང་། སྤྱི་ཚོགས་ཐོག་ཕན་ནུས་བཟང་པོ་ཐོན་གྱི་ཡོད་ཅེས་བརྗོད་དེ། བྱ་དགའ་ཨ་སྒོར་ ༧༣༥༠༠ སྤྲད་རྒྱུའི་གསལ་བསྒྲགས་བྱས་འདུག
ལོ་ཤས་གོང་ནས་རྒྱ་ནག་གཞུང་གིས་བོད་ནང་འགྲིམ་འགྲུལ་སྟབས་བདེའི་ཁྱབ་བསྒྲགས་ཤུགས་ཆེ་བྱེད་པའི་རྒྱབ་ལྗོངས་ཐད་བསམ་ཚུལ་བཀའ་འདྲི་ཞུས་པར། རྒྱ་གར་གྱི་རྒྱལ་སྲུང་ཉམས་ཞིབ་པ་དང་དམག་སྤྱི་ཟུར་པ་ཝི་ན་ཡཀ་ སྦཊ་ (Vinayak Bhatt) ལགས་ཀྱིས། རྒྱ་ལམ་དང་ལྕགས་ལམ་སོགས་འཛུགས་སྐྲུན་གྱིས་ཕྱིའི་རྣམ་པ་ནས་བོད་ནང་དཔལ་འབྱོར་གྱི་འཛུཊ་སྐྲུན་གོང་འཕེལ་འགྲོ་བཞིན་པ་སྟོན་ཐབས་བྱེད་བཞིན་པ་ནི་དྲིལ་བསྒྲགས་བྱ་རྒྱུ་ཙམ་ལས། དོན་དངོས་སུ་འཛུགས་སྐྲུན་དེ་དག་གིས་རྒྱ་ནག་གཞུང་གིས་བོད་ནང་གི་གཏེར་ཁ་དང་རྒྱུ་ནོར་རྣམས་སྟབས་བདེའི་ངང་དབོར་འདྲེན་ཐུབ་པ་སོགས་རྒྱ་ནག་གཞུང་གི་ཁེ་ཕན་སྒྲུབ་བཞིན་ཡོད་པ་གསུངས་བྱུང་།
རྩ་བའི་ལོ་ཤས་ནས་བཟུང་རྒྱ་ནག་གཞུང་གིས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་མི་སེར་དང་རང་ཉིད་ཀྱི་མངོན་འདོད་དང་འཚམ་པའི་གསར་འགོད་ལས་རིགས་པ་སོགས་བོད་ནང་ཡུལ་སྐོར་སྤྲོ་འཆམ་དུ་འགྲོ་བསྐྱོད་ཆོག་པའི་ཆོག་མཆན་སྤྲད་དེ། བོད་ནང་གི་འཛུགས་སྐྲུན་དང་ཡར་ཐོན་གྱི་རྣམ་པ་བརྒྱུད་སྤེལ་ཐོག་ལ་ཤུགས་གནོན་སྤྲད་དེ་ཕྱི་ཕྱོཊ་སུ་གསལ་སྟོན་བྱེད་བཞིན་ཡོད་ཅིང་། དེ་སྔ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་བོད་མི་མི་ཉུང་བ་ཞིག་བོད་དུ་གཉེན་འཕྲད་དང་ཡུལ་བསྐོར་དུ་བསྐྱོད་བཅུག་པ་བྱུང་ཡོད་པའི་ཐད། ཕྱི་ལོ་ ༢༠༢༤ ཟླ་ ༩ པའི་ནང་བོད་མིའི་སྒྲིག་འཛུགས་ཀྱིས་བཙན་བྱོལ་བོད་མི་བོད་ནང་བསྐྱོད་ཕྱོགས་ཀྱི་གཞི་རིམ་ལམ་སྟོན་ཞིག་ཡོངས་ཁྱབ་ཕྱི་བསྒྲགས་གནང་ཡོད་པ་རེད། དེའི་ནང་། གཙོ་བོ་རྒྱ་ནག་གཞུང་གིས་བོད་ནས་ཕྱི་དང་ཕྱི་ནས་བོད་ནང་བསྐྱོད་མཁན་ཚང་མར་དགོས་མེད་འདྲི་རྩད་དང་མགོ་སྐོར་བསླུ་བྲིད་ཀྱི་ངན་བྱུས་སྣ་ཚོགས་རྒྱུན་ཆད་མེད་པར་བརྩམས་དང་རྩོམ་བཞིན་པའི་ཐོག རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་བཙན་བྱོལ་བོད་མི་རྣམས་ལྟ་སྐོར་དང་གཉེན་འཕྲད། གནས་སྐོར་སོགས་ཀྱི་མིང་སྣ་ཚོགས་ལ་ཁ་གཡར་ནས་བོད་དུ་གཡོ་ཁྲིད་དང་། བཙན་བྱོལ་བོད་མི་ཚོར་རྒྱལ་མཚམས་བརྒལ་ནས་གནོན་ཤུགས་ཇེ་མང་ཇེ་གསལ་དུ་འགྲོ་བཞིན་པར་བརྟེན་ནས་ཚང་མས་ཐུགས་སྣང་ཡིད་གཟབ་གནང་དགོས་པའི་སྐུལ་མ་གནང་ཡོད་འདུག
གཞན་ཡང་རྒྱ་རིགས་ཤིག་གིས་སྤྱི་ཚོགས་དྲྭ་ལམ་ཐོག་བོད་ཀྱི་མཛེས་སྡུག་དང་འབྲེལ་བའི་བརྙན་ཐུང་ཞིག་འདོན་སྤེལ་བྱས་པར་བྱ་དགའ་སྤྲད་ཡོད་པ་དེ་ཡང་། ཉེ་ལམ་ཟླ་ ༦ ཚེས་ ༡༦ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་གསར་འགྱུར་ལས་རིགས་པ་དང་། མཁས་ལས་པ། ཉམས་ཞིབ་པ་དང་དྲ་ཐོག་མི་སྣ་སྐད་གྲགས་ཅན་སོགས་ ༣༠༠ ལྷག་འདུ་འཛོམས་ཐོག བོད་ལྗོངས་རྒྱལ་སྤྱིའི་འབྲེལ་ལམ་ཁྱབ་སྤེལ་ཚོགས་ཆེན་ཐེངས་གཉིས་པ་འཚོགས་ཡོད་པ་དེ་དང་འབྲེལ་བ་ཡོད་སྲིད་དེ། ཚོགས་ཆེན་དེའི་དམིགས་ཡུལ་གཙོ་བོ་ནི། རྒྱ་ནག་གཞུང་གིས་མི་མང་སྐྱེད་སྲིང་གིས་རྒྱ་ནག་རང་གི་འདོད་མོས་དང་མཐུན་པའི་གླེང་ཕྱོགས་རྣམས་སྤྱི་ཚོགས་དྲྭ་ལམ་ཐོག་ནས་དྲིལ་བསྒྲགས་ཀྱི་ནུས་པ་ཤུགས་ཆེ་རུ་བཏང་སྟེ། བོད་ནང་ཡར་རྒྱས་ཀྱི་རྣམ་པ་ཕྱི་ལ་སྟོན་ཏེ་རྒྱ་ནག་གི་ངོ་བོ་སྲུང་ཐབས་བྱ་རྒྱུ་དེ་ཡིན་ཞེས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་དགྲ་ལྷ་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ཡོད།།
བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
