བོད་ཀྱི་ཕྱི་ཚུལ་རྣམ་པ་འདིས་བོད་མིའི་དཀའ་སྡུག་སྣང་མེད་དུ་གཏོང་ཐུབ་བམ།

རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་དྲ་ལམ་དང་གླེང་སྟེགས་ལ་བོད་ཀྱི་སྐོར་ལ་གཞུང་གི་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་པ།

བོད་ནང་གི་བོད་མི་ཚོས་ངོ་དེབ་དང་ཡུ་ཊུབ། X སོགས་ཕྱི་རྒྱལ་གྱི་སྤྱི་ཚོགས་དྲ་ལམ་ཁག་ལ་རང་དབང་གིས་བེད་སྤྱོད་བྱ་ཆོག་གི་མེད་ལ། བོད་ནང་གི་བོད་མིས་རང་ཉིད་ཀྱི་ཆོས་དད་དང་། སྐད་ཡིག རིག་གཞུང་། འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཐོག་དཀའ་ངལ་འཕྲད་པ་ཡང་དྲ་ལམ་དང་ཕྱི་ཕྱོགས་སུ་བཤད་རྒྱུར་དམ་དྲག་ཆེན་པོ་ཡོད་པ་རེད། ཡིན་ན་ཡང་རྒྱ་ནག་གཞུང་གིས་བོད་ཀྱི་གཏམ་རྒྱུད་ཡག་པོ་བཤད་དགོས་ཟེར་ནན་བརྗོད་བྱེད་ཀྱི་ཡོད།

སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་ཡོ་རོབ་ཁུལ་གྱི་རྒྱ་རིགས་འབྲེལ་མཐུད་པ་དང་བོད་དོན་ཉམས་ཞིབ་པ་སངས་རྒྱས་སྐྱབས་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ཀྱི་སྐོར་རྫུན་བཤད་རྒྱུ་དང་རྒྱ་ནག་གི་སྐོར་རྒྱུན་བཤད་བྱ་རྒྱུ། རྒྱ་ནག་གཞུང་གི་ནོར་འཁྲུལ་དང་རྒྱ་ནག་གཞུང་གིས་བོད་མི་རིགས་ལ་དཀའ་ངལ་འཕྲད་བཞིན་པ་དང་། བོད་ཀྱི་རིག་གཞུང་དང་མི་རིགས་འཚོ་གནས་ཐུབ་མིན་གྱི་དཀའ་ངལ་འཕྲད་བཞིན་པ་དེ་ཚོ་དང་འགལ་བའི་ཐོག་ནས་མདོར་བསྡུས་ནས་ཞུས་ན་རྫུན་བཤད་རྒྱུའི་དམིགས་ཡུལ་རེད་ཅེས་དང་། དེར་བརྟེན་རྫུན་བཤད་པར་སྒྲུང་བཟོ་དགོས་པ་དང་། དེ་ལ་དུས་ཚོད་གཏོང་དགོས་ལ། དེ་ལ་ཐབས་བྱུས་བཀོད་དགོས་ཀྱི་ཡོད། དེ་ནི་རྒྱ་ནག་ཡག་པོ་མེད་པ་འདིར་འཛམ་གླིང་གི་སྐྱོན་བརྗོད་བྱས་པར་བོད་ཀྱི་སྐོར་ལ་རྒྱ་ནག་ལས་གཞན་སུ་ལའང་དབང་ཆ་མེད་པར་རྫུན་བཤད་པ་འདི་འཛམ་གླིང་གིས་ངོས་ལེན་དགོས་པ་བརྗོད་ཀྱི་ཡོད་ཅེས་གསུངས་བྱུང་།

འོན་ཀྱང་རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་དྲ་ལམ་དེ་ཚོ་དང་རྒྱལ་སྤྱིའི་གླེང་སྟེགས་ཟེར་བ་བེད་སྤྱད་དེ། བོད་ལ་ཡར་རྒྱས་བཏང་ཚུལ་དང་། བོད་མི་ཚོ་བདེ་སྐྱིད་ངང་འཚོ་བ་སྐྱེལ་བཞིན་པའི་ཕྱི་ཚུལ་གཙོ་བོར་སྟོན་ནས། བོད་མིར་འཕྲད་པའི་དངོས་ཡོད་ཀྱི་དཀའ་ངལ་རྣམས་སྦས་གསང་བྱེད་བཞིན་ཡོད་པ་བོད་དོན་ཉམས་ཞིབ་པ་ཚོས་སྐྱོན་བརྗོད་བྱེད་ཀྱི་ཡོད།

རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་དྲ་ལམ་དང་གླེང་སྟེགས་ལ་བོད་ཀྱི་སྐོར་ལ་གཞུང་གི་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་པ།
བོད་ཀྱི་གཏམ་རྒྱུད་ཡག་པོ་བཤད་དགོས་ཟེར་བའི་རྒྱབ་ཏུ་བོད་མིའི་དཀའ་སྡུག་སྣང་མེད་གཏོང་གི་ཡོད་དམ། ཉེ་ཆར་བོད་ཀྱི་ཀོང་པོ་ཉིང་ཁྲིར་འཚོགས་པའི་སྐབས་ལྔ་པའི་ཧི་མ་ལ་ཡའི་མཐའ་འཁོར་གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས། (Tibet Daily)

དྲིལ་བསྒྲིགས་ཀྱི་ལག་ཆ།

ཉེ་ཆར་བོད་ཀྱི་ཀོང་པོ་ཉིང་ཁྲིར་འཚོགས་པའི་སྐབས་ལྔ་པའི་ཧི་མ་ལ་ཡའི་མཐའ་འཁོར་གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་ཟེར་བ་འདིའི་ནང་། ཕྱི་རྒྱལ་གྱི་གཞུང་འབྲེལ་མི་སྣ་དང་། གསར་འགོད་པ། མཁས་པ། ཚོང་ལས་མི་སྣ་སོགས་མགྲོན་འབོད་བྱས་ཏེ། ཁོང་ཚོའི་ཁ་ནས་བོད་ཀྱི་ཕྱི་ཚུལ་རྣམ་པ་འདི་བཤད་བཅུག་གི་ཡོད།

རྒྱ་ནག་གཞུང་གིས་གླེང་སྟེགས་དེ་ནི་ཁོར་ཡུག་དང་། འཕེལ་རྒྱས། རྒྱལ་ཁབ་བར་གྱི་མཉམ་ལས་སྤེལ་བའི་སྟེགས་བུ་ཞིག་ཡིན་ཞེས་བརྗོད་ཡོད་པས། འདི་ཡང་བོད་ཀྱི་གཏམ་རྒྱུད་ཡག་པོ་བཤད་དགོས་ཞེས་པ་ལག་བསྟར་བྱས་པ་ཞིག་རེད་འདུག

འོན་ཀྱང་བོད་ནང་གི་བོད་མིས་ཚོགས་འདུ་དེ་རིགས་ནང་མཉམ་ཞུགས་བྱེད་མཁན་ཚོ་ཕྱི་རྒྱལ་ནས་ཡོང་བ་ཚོ་ནི་རྒྱ་ནག་གཞུང་གིས་ཡིད་ཆེས་བྱེད་ས་དང་དམིགས་ཡུལ་ལྡན་པའི་ཐོག་ནས་བེད་སྤྱོད་བྱེད་སའི་མི་སྣ་ཡིན་པ་བརྗོད་ཀྱི་འདུག ཡང་སྐྱོན་བརྗོད་བྱེད་མཁན་ཚོས། དེ་ནི་བོད་ཀྱི་དངོས་ཡོད་གནས་སྟངས་ལ་རང་དབང་གིས་དཔྱད་ཞིབ་བྱེད་སའི་གླེང་སྟེགས་ཤིག་མིན་པར། རྒྱ་ནག་གཞུང་གི་བོད་སྐོར་གྱི་ལྟ་བ་ཕྱིར་སྤེལ་བའི་དྲིལ་བསྒྲགས་བྱེད་པའི་ཐབས་ལམ་ཞིག་རེད་ཅེས་བརྗོད་ཀྱི་ཡོད།

སངས་རྒྱས་སྐྱབས་ལགས་ཀྱིས་མུ་མཐུད་གསུངས་པར། རྒྱ་ནག་གིས་བོད་ཀྱི་སྐོར་འགྲེལ་བརྗོད་བྱས་པས་མ་ཚད་བོད་པ་བེད་སྤྱོད་བྱས་ཏེ་བོད་ནང་གི་གཞུང་གི་ལས་བྱེད་དང་། གཞུང་གི་དབང་འཛིན་འོག་ཡོད་པའི་ཞིབ་འཇུག་སྡེ་ཚན་གྱི་མཁས་པ་སོགས་ལ་བོད་ནང་གི་དངོས་ཡོད་གནས་སྟངས་དང་མུ་མཐུན་པའི་ལོག་འགྲེལ་བྱེད་བཅུག་པ་མ་ཟད། ད་དུང་ཕྱི་རྒྱལ་དུ་ཡོད་པའི་བོད་པ་སྟེ། དང་པོ་སྐྱབས་བཅོལ་ལ་ཡོང་བ་དང་ཕྱི་རྒྱལ་ལ་ལོ་མང་བསྡད་པའི་བོད་པ་བསླུ་ཁྲིད་དང་ཐབས་ཤེས་བྱས་ཏེ་རྒྱ་ནག་ལ་ཡོང་བཅུག་སྟེ་བོད་ལ་ལྟ་སྐོར་དུ་ཁྲིད་ནས་གཙོ་བོ་ནི་མི་དེ་ཚོ་བེད་སྤྱོད་བྱས་ནས་རྒྱ་ནག་གཞུང་གི་ཚབ་བྱས་ཏེ་བོད་ནང་ཡར་རྒྱས་ཕྱིན་ཡོད་སྐོར་དང་བོད་ནང་སྐྱིད་པོ་ཡོད་སྐོར་དྲིལ་བསྒྲགས་བྱེད་བཅུག་གི་ཡོད་ཅེས་གསུངས་བྱུང་ལ། ཁོང་གིས་བཙན་བྱོལ་ནང་ཡོད་པའི་བོད་པ་ཚོས་བོད་ནང་གི་དངོས་ཡོད་གནས་ཚུལ་ངོ་སྤྲོད་བྱ་རྒྱུ་འདི་ཧ་ཅང་གལ་ཆེན་པོ་ཡིན་པར་ངོས་འཛིན་གནང་འདུག

རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་དྲ་ལམ་དང་གླེང་སྟེགས་ལ་བོད་ཀྱི་སྐོར་ལ་གཞུང་གི་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་པ།
བོད་ཀྱི་ཕྱི་ཚུལ་རྣམ་པ་འདིས་བོད་མིའི་དཀའ་སྡུག་སྣང་མེད་གཏོང་ཐུབ་བམ། པར་ཆས་འོག་གི་ལྷ་སའི་བར་སྐོར། (REUTERS)

དྲིལ་བསྒྲགས་ཀྱི་ཐབས་ཇུས།

རྒྱ་ནག་གི་ཡིག་ཆ་ཁག་ཏུ། རྒྱལ་སྤྱིའི་དྲིལ་བསྒྲགས་ཀྱི་ནུས་པ་ཤུགས་ཆེ་རུ་གཏོང་བ་དང་། བོད་ནི་རྒྱ་ནག་གི་རྒྱལ་ཁབ་བདེ་འཇགས་ཀྱི་འགོག་སྲུང་གི་ས་ཁུལ་གལ་ཆེན་ཞིག་ཡིན་པས། བོད་ཀྱི་གཏམ་རྒྱུད་ཡག་པོ་བཤད་དགོས་ཟེར་བ་དང་། རྒྱལ་སྤྱིའི་ཐོག་གཏམ་བརྗོད་ཀྱི་དབང་ཆ་རྒྱ་ནག་ཕྱོགས་སུ་དབང་བ་དགོས་ཞེས་ནན་བཤད་བྱས་ཡོད།

བོད་དོན་ཉམས་ཞིབ་པ་ཚོས། ཐབས་ཇུས་དེའི་དམིགས་ཡུལ་ནི་རྒྱ་ནག་དམར་ཤོག་གཞུང་གིས་བོད་ལ་དབང་བསྒྱུར་བྱས་པ་འདི་ལུགས་མཐུན་ཞིག་ཏུ་སྒྱུར་ཐབས་དང་། རྒྱ་ནང་གཞུང་གི་ལྟ་བ་དང་ལངས་ཕྱོགས་རྒྱལ་སྤྱིར་ཁྱབ་སྤེལ་བྱས་ནས་རྒྱལ་སྤྱིའི་སྐྱོན་བརྗོད་དང་བཙན་བྱོལ་བོད་མིས་བོད་ནང་གི་བོད་མིའི་ཚབ་བྱས་ཏེ་སྐད་སྒྲ་བཏོན་པ་འདི་ནུས་མེད་བཟོ་ཆེད་རེད་ཅེས་བརྗོད་ཀྱི་ཡོད།

འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཁག་གིས། བོད་ནང་ཆོས་དད་རང་དབང་དང་། སྐད་ཡིག རིག་གཞུང་། སྨྲ་བརྗོད་རང་དབང། གསར་འགོད་ཀྱི་རང་དབང་ལ་དམ་དྲག་མུ་མཐུད་ཡོད་པར་བརྗོད་ཀྱི་ཡོད།

འོན་ཀྱང་རྒྱ་ནག་གི་ཕྱི་འབྲེལ་དྲིལ་བསྒྲགས་ནང་། གནས་ཚུལ་དེ་དག་རྩ་བ་ནས་བྱུང་མེད་པ་ལྟ་བུར་བཟོས་ཏེ། འཕེལ་རྒྱས་ཀྱི་ཕྱི་ཚུལ་གཅིག་པུ་སྟོན་བཞིན་ཡོད་པ་འདི་ནི། བོད་ཀྱི་གཏམ་རྒྱུད་ཡག་པོ་བཤད་དགོས་ཟེར་བའི་རྒྱབ་ཏུ་ཡོད་པའི་རྩོད་གཞི་གཙོ་བོ་དེ་ཆགས་ཡོད།།

བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།