‘མི་རིཊ་མཐུན་སྒྲིལ་'གྱི་ཁྲིམས་ལག་བསྟར་འགོ་འཛུཊ་ཀྱི་རྗེས་ཝང་ཧུའུ་ནིང་བོད་ནང་བསྐྱོད་པ།

གནད་དོན་དབྱེ་ཞིབ་པ་ཚོས་ཁྲིམས་གསར་པ་འདིས་བོད་ཀྱི་ཆོས་དང་རིག་གཞུང་གཅེས་འཛིན་ཐོག་རྒྱ་ནག་གི་སྟངས་འཛིན་བྱེད་ཤུགས་ཆེ་རུ་གཏོང་སྲིད་པར་སྐྱོན་བརྗོད་བྱེད་བཞིན་ཡོད།

རྒྱ་ནག་གི་དཔོན་རིགས་མཐོ་ཤོས་བཞི་པ་ཝང་ཧུའུ་ནིང་གིས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་དང་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་གསར་པ་དངོས་སུ་ལག་བསྟར་བྱས་ནས་བདུན་ཕྲག་ཁ་ཤས་སོང་བའི་རྗེས་བོད་ནང་དུ་ཉིན་གྲངས་བཞིའི་རིང་སྐོར་བསྐྱོད་བྱས་པ་དང་། ཝང་གིས་ཁྲིམས་གསར་པ་དེ་ལག་བསྟར་ཆ་ཚང་བ་དང་། སྤྱི་ཚོགས་བརྟན་ལྷིང་། དེ་བཞིན་བོད་བརྒྱུད་ནང་བསྟན་ཆོས་ལུགས་དེ་རྒྱ་ནག་ཅན་དུ་བསྒྱུར་རྒྱུར་ནན་བརྗོད་བྱས་འདུག་ཅིང་། སྐོར་སྐྱོད་འདིར་བོད་གནས་ཉམས་ཞིབ་པ་ཚོས་དོ་སྣང་ཆེན་པོ་བྱེད་བཞིན་འདུག

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་འགན་འཛིན་བུ་ཆུང་ཚེ་རིང་ལགས་ཀྱིས་རྒྱ་ནག་གི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་བརྒྱུད་ནས་ཝང་ཧུ་ནིང་གིས་ཉེ་ཆར་བོད་དུ་བསྐྱོད་པའི་སྐོར་ལ་ཤེས་རྟོགས་བྱུང་བ་དང་ཝང་གིས་བཤད་པའི་སྐད་ཆ་དེ་ཚོ་དུས་རྒྱུན་རྒྱ་ནག་གི་འགོ་ཁྲིད་ཚོས་བཤད་པའི་སྐད་ཆ་དང་འདྲ་མཚུངས་ཡོད་པ་མ་ཟད་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་གསར་པའི་སྐོར་ཁོང་གིས་སྐབས་དེར་གླེང་ཡོད། འོན་ཀྱང་ཁོང་གིས་བོད་ཀྱི་ས་མཚམས་ས་ཁུལ་མངའ་རིར་བསྐྱོད་པའི་གལ་གནད་དེ་ད་དུང་ཞིབ་འཇུག་གཏིང་ཟབ་བྱེད་དགོས་པ་ཞིག་ཡིན་པ་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་ལྷན་ཁང་གི་ཚོགས་མི་དང་རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་གྲུབ་དང་མི་རིགས་ལས་དོན་ལ་ལྟ་སྐུལ་བྱེད་མཁན་གྱི་མི་སྣ་དབང་ཤུགས་ལྡན་པ་ཝང་ཧུ་ནིང་གིས་བོད་ཀྱི་རྒྱལ་ས་ལྷ་ས་དང་། རྒྱ་གར་དང་བལ་ཡུལ་གྱི་ས་མཚམས་སུ་ཡོད་པའི་འཐབ་ཇུས་གལ་ཆེན་གྱི་ས་ཚིགས་གལ་ཆེན་ཏུ་བརྩི་བཞིན་པ་མངའ་རིས་ཁུལ་ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༢༢ ཉིན་སྐོར་སྐྱོད་མཇུག་སྒྲིལ་བྱས་འདུག

ཝང་གིས་ས་གནས་དཔོན་རིགས་ཚོར་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་དགོས་པ་དང་དམར་ཤོག་ཚོགས་པའི་བོད་ལྗོངས་སྲིད་གཞུང་གི་ཐབས་ཇུས་ལག་བསྟར་ཆ་ཚང་བྱེད་དགོས་པའི་སྐུལ་མ་བཏང་ཡོད་པ་​​རྒྱ་ནག་གི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་གྱིས་ལུང་འདྲེན་བྱས་འདུག

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་དེ་བོད་ཚུད་པའི་གྲངས་ཉུང་མི་རིགས་གཞན་གྱི་ས་ཁུལ་ལ་ལག་བསྟར་བྱེད་རྒྱུའི་ཐབས་ལམ་ཡིན་པར་རྒྱལ་སྤྱིའི་ཁྱོན་ནས་ངོས་འཛིན་བྱེད་བཞིན་ཡོད་ཅིང་། རྒྱ་ནག་གཞུང་གིས་འདི་ནི་རྒྱ་ནག་སྤྱིའི་ཡར་ཐོན་ཆེད་དམིགས་ཡོད་པར་བརྗོད་ཀྱི་ཡོད་པ་རེད། དེ་ཡང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མགྲིན་ཚབ་པ་ལིའུ་ཆང་གིས་ཁྲིམས་དེས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་བྱེད་པ་དང་མི་རིགས་ཚང་མར་འདྲ་མཉམ་ཡོང་བར་སྐུལ་འདེད་གཏོང་གི་ཡོད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་ཐད་ཕྱི་ཟླ་ ༧ ཚེས་ ༡༥ ཉིན་ཡིག་ཐོག་ལན་འདེབས་བྱས་པའི་ནང་བརྗོད་འདུག

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་དེའི་དོན་ཚན་ ༦༣ པར་རྒྱ་ནག་གི་ས་མཚམས་ལས་བརྒལ་ནས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་མཁན་ཚོར་ཉེས་ཆད་འགེལ་རྒྱུར་བེད་སྤྱོད་གཏོང་སྲིད་པའི་ཐད་སེམས་འཚམ་དང་སྐྱོན་བརྗོད་བྱེད་ཀྱི་ཡོད་པའི་ཐད། རྒྱ་ནག་གཞུང་ཚབ་ཁང་གིས་དོན་ཚན་དེ་ནི་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོབ་བྱེད་པའི་ཁྲིམས་མཐུན་གྱི་བྱ་ཐབས་ཤིག་ཡིན་ཞེས་བརྗོད་བྱུང་།

འོན་ཀྱང་རྒྱ་ནག་གི་མི་རིགས་སྲིད་བྱུས་ཐོག་ཉམས་ཞིབ་ཁྱད་ལས་པ་སློབ་དཔོན་ཇེམསི་ལེ་བྷོལཌི་གྱིས་ཁྲིམས་དེས་སྲིད་འཛིན་ཞི་ཅིན་ཕིང་གི་མི་རིགས་སྲིད་ཇུས་ཀྱི་སྒྲོམ་གཞི་དེ་རྒྱལ་ཁབ་ཀྱི་ཁྲིམས་ལུགས་སྒྲིག་གཞིར་བཟོས་པ་རེད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་དེ་སྔོན་ཡིག་ཐོག་གི་ལེན་འདེབས་གནང་པའི་ནང་བརྗོད་བྱུང་། ཁོང་གིས་ཁྲིམས་དེས་མི་རིཊ་འཛིན་སྐྱོང་དང་། ཤེས་ཡོན། འཁྱོག་བཤད། ལས་བྱེད་དོ་དམ། འཛུགས་སྐྲུན་སྲིད་བྱུས་དང་སྤྱི་མང་སྟངས་འཛིན་བཅོས་སྒྲིག་བརྒྱུད་རྒྱ་ནག་གཅིག་འགྱུར་གྱི་ངོ་བོར་སྐྲུན་ཐབས་ཤུགས་ཆེ་རུ་གཏོང་གི་ཡོད་ཅེས་བརྗོད་བྱུང་།

ཝང་གིས་བོད་ནང་སྐོར་སྐྱོད་སྐབས་སུ་ད་དུང་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་དང་བསྟུན་ཆོས་ལུགས་རྒྱ་ནག་ཅན་དུ་བསྒྱུར་དགོས་པའི་ཐད་ནན་བརྗོད་བྱས་འདུག

འོན་ཀྱང་གནད་དོན་དབྱེ་ཞིབ་པ་ཚོས་སྲིད་བྱུས་འདིས་བོད་ཀྱི་ཆོས་དང་རིག་གཞུང་གཅེས་འཛིན་ཐོག་རྒྱ་ནག་གི་སྟངས་འཛིན་བྱེད་ཤུགས་ཆེ་རུ་གཏོང་སྲིད་པར་སྐྱོན་བརྗོད་བྱེད་ཀྱི་ཡོད། ཕྱོགས་གཞན་ཞིག་ནས་རྒྱ་ནག་གཞུང་གིས་ཆིག་སྒྲིལ་དང་བརྟན་ལྷིང་ལ་དམིགས་པ་ཡིན་ཚུལ་བརྗོད་ཀྱི་ཡོད་པ་རེད།།