ཨ་མདོ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བྲག་དཀར་རྫོང་(ཞིན་ཧ་རྫོང་)དུ། ཕྱི་ཟླ་ ༧ ཚེས་ ༢༨ ཉིན་ས་ཡོམ་ཚད་གཞི་རིམ་པ་ ༥.༧ དང་། ༥.༨ ། ༥.༠ བཅས་བསྟུད་མར་བརྒྱབ་པ་དང་། ཕྱི་དྲོ་ཆུ་ཚོད་ ༥:༥༡ ཐོག་ད་དུང་རིམ་པ་ ༤.༠ བྱས་པའི་ས་ཡོམ་ཞིག་ཀྱང་བརྒྱབ་ཡོད་འདུག
ཨ་རིའི་ས་ཡོམ་བརྟག་དཔྱད་ཚན་པས་བརྗོད་པར་གཞིགས་ན། བོད་ཀྱི་བྲག་དཀར་རྫོང་དུ་ཚེས་ ༢༨ ཉིན་གྱི་ས་གནས་ཀྱི་ཞོགས་པའི་ཆུ་ཚོད་ ༡༡ དང་སྐར་མ་ ༡༦ གི་ཐོག་ས་ཡོམ་རིམ་པ་ ༥.༧ དང་། དེ་ནས་ཆུ་ཚོད་ ༡༡ དང་སྐར་མ་ ༣༤ ཡི་ཐོག་ས་ཡོམ་རིམ་པ་ ༥.༨ བརྒྱབ་ཡོད་འདུག ཡང་རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ཐོག་ཉིན་རྒྱབ་ཆུ་ཚོད་ ༤ དང་སྐར་མ་ ༤ ཡི་ཐོག་ས་ཡོམ་རིམ་པ་ ༥.༠ དང་ཉིན་རྒྱབ་ཆུ་ཚོད་ ༥ དང་སྐར་མ་ ༥༡ ཐོག་ས་ཡོམ་རིམ་པ་ ༤.༠ བྱས་པ་བསྟུད་མར་བྱུང་ཡོད་འདུག

མདོ་སྨད་ཁུལ་གྱི་བོད་མིས་དྲ་ལམ་ཐོག་ས་ཡོམ་དང་འབྲེལ་བའི་བརྙན་དང་གནས་ཚུལ་བཀོད་པ་རྣམས་མྱུར་དུ་མེད་པ་བཟོ་བཞིན་འདུག་ཅེས་བཤད་ཡོད་འདུག ཡང་གཞུང་འབྲེལ་བརྒྱུད་ལམ་གྱིས་སྤྱི་ཚོགས་ཁྲོད་ས་ཡོམ་སྐོར་གྱི་གནས་ཚུལ་རྫུན་མ་མང་པོ་ཐོན་བཞིན་ཡོད་པས། གཞུང་འབྲེལ་བརྒྱུད་ལམ་གྱི་གནས་ཚུལ་སྤེལ་བར་གཞི་བཞག་དགོས་སྐོར་བརྗོད་པ་དང་། གནས་ཚུལ་རྫུན་མ་སྤེལ་མཁན་ལ་ཁྲིམས་ཐོག་ནས་འགན་འཁུར་དགོས་རྒྱུའི་ཉེན་བརྡ་ཡང་བཏང་འདུག

ས་ཡོམ་གྱི་གནོད་འཚེ་ཕོག་པའི་མི་ཁྱོན་ཁྲི་བཞི་ལྷག་ཙམ་ཞིག་ལ་གནས་སྐབས་སྡོད་ཡུལ་བཟོས་ནས་གནས་སྤོ་བྱས་ཡོད་པ་དང་། མྱུར་སྐྱོབ་ཀྱི་ལས་དོན་མི་སྣ་ ༦༠༠ ལྷག་བཏང་ནས་མྱུར་སྐྱོབ་ལས་དོན་སྤེལ་བཞིན་ཡོད་པ་གཞུང་འབྲེལ་བརྒྱུད་ལམ་ཐོག་གཅིག་གྱུར་གྱིས་གནས་ཚུལ་སྤེལ་འདུག་ལ། ད་ལྟ་བར་མི་སྣ་ཤི་རྨས་ཀྱི་གནས་ཚུལ་གང་ཡང་སྤེལ་མི་འདུག འོན་ཀྱང་ས་ཡོམ་གྱི་གནོད་འཚེས་ཡུལ་ཚོ་བདུན་གྱི་ཁང་པ་དང་། ལམ་ཁ། རྨང་གཞི་ལས་གྲྭ་སོགས་ལ་སྐྱོན་ཤོར་ཡོད་པ་གཞུང་གིས་ཁས་ལེན་བྱས་འདུག

ད་ལྟ་བར་དྲ་ཐོག་ཏུ་ཁྱབ་པའི་བརྙན་འགའ་ཤས་ནང་། རི་ཉིལ་བ་དང་ལམ་ཁ་འགག་པའི་རྣམ་པ་ཛ་དྲག་མཐོང་རྒྱུ་ཡོད་ནའང་། དེ་དག་གི་གནས་ཚུལ་ཞིབ་ཕྲ་གཞུང་འབྲེལ་བརྒྱུད་ལམ་ཐོག་ལ་ཡང་སྤེལ་མི་འདུག
