རྒྱ་ནག་གིས་པཎ་ཆེན་དུ་བསྐོ་བཞག་བྱས་པ་རྒྱལ་མཚན་ནོར་བུ་བོད་དུ་ཆེད་གཏོང་བྱས་པ་ནི། ཆབ་སྲིད་ཀྱི་དགོས་མཁོ་ཁོ་ནར་དམིགས་པ་ཞིག་ཡིན་པ་གནད་དོན་དབྱེ་ཞིབ་པས་གསུང་གི་འདུག
རྒྱ་ནག་གིས་པཎ་ཆེན་དུ་བསྐོ་བཞག་བྱས་པ་རྒྱལ་མཚན་ནོར་བུ་ལགས་ཕྱི་ཟླ་ ༧ ཚེས་ ༣༠ ཉིན་ལྷ་ས་གོང་དཀར་གནམ་ཐང་བརྒྱུད་བོད་ཀྱི་རྒྱལ་ས་ལྷ་སར་ཕེབས་ཡོད་ཅིང་། བོད་དུ་བསྡད་པའི་རིང་ཁོང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་ལས་འགན་བསྒྲུབ་རྒྱུ་དང་། སྤྱི་ཚོགས་ཞིབ་འཇུག དེ་བཞིན་ཆོས་ཕྱོགས་ཀྱི་བྱེད་སྒོ་སོགས་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་རྒྱུ་ཡིན་པ་རྒྱ་ནག་གཞུང་འབྲེལ་གསར་ཁང་བོད་ལྗོངས་ཉེན་རེས་སྤེལ་འདུག་ཅིང་། རྒྱལ་མཚན་ནོར་བུ་ཁོང་བོད་དུ་ཕེབས་པ་འདི་ལོ་ལྟར་འཆར་ཅན་གྱི་བྱེད་སྒོ་སྟེ་རྒྱ་གཞུང་གིས་བཀོད་འདོམས་འོག་འབྱོར་བ་ཞིག་ལ་ཉམས་ཞིབ་པས་ངོས་འཛིན་གནང་གི་འདུག

དེ་ཡང་རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དུ་མང་ཚོགས་ཁྲོད་དྭང་ལེན་དང་ངོས་འཛིན་ཐོབ་སླད། བོད་ནང་གི་ས་གནས་གང་སར་གཞུང་འབྲེལ་སྐོར་སྐྱོད་དུ་བཏང་ནས་ས་གནས་ཀྱི་སེར་སྐྱ་མང་ཚོགས་ལ་བཙན་ཤེད་ཀྱིས་ཕེབས་བསུ་ཞུས་པའི་རྣམ་པ་མངོན་པ་བཞིན། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཟླ་བ་བཀྲ་ཤིས་ལགས་ཀྱིས། རྒྱ་ནག་གི་པཎ་ཆེན་རྒྱལ་མཚན་ནོར་བུ་ལྷ་སར་འབྱོར་སྐབས་སུ་བོད་མི་ཕེབས་བསུར་བསླེབས་པ་མཐོང་རྒྱུ་ཡོད་པ་ནི། མང་ཚོགས་ཀྱི་འདོད་མོས་དང་། དད་གུས། དེ་བཞིན་རང་དབང་ཐོག་ནས་བསླེབས་པ་ཞིག་མ་ཡིན་པར། རྒྱ་ནག་གཞུང་གིས་ཆེད་མངགས་མི་མང་ལ་བཀའ་བཏང་སྟེ། ས་ཚིགས་གང་ཞིག་ཏུ་མི་ག་ཚོད་ཡོང་དགོས་པ། དེ་ཡང་བུ་དང་བུ་མོ་གྲྭ་བཙུན་སོགས་ཀྱི་གྲངས་ཐོ་དང་། དེ་བཞིན་ཕེབས་བསུར་ཡོང་སྐབས་བོད་ཆས་གྱོན་དགོས་པ་སོགས་བཀོད་སྒྲིག་བྱས་པར་བརྟེན་ནས་བྱུང་པ་ཡིན་སྐོར་གསུང་གི་འདུག
ཁོང་གིས་ད་དུང་མུ་མཐུད་གསུངས་དོན་དུ། ཐེངས་འདིར་རྒྱལ་མཚན་ནོར་བུ་ལྷ་སར་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་ལག་བསྟར་བྱེད་འགོ་བཙུགས་རྗེས་ཐོག་མར་བསླེབས་པ་ཞིག་ཆགས་ཀྱི་ཡོད་ཀྱང་། ཁྲིམས་དེ་དང་ཐད་ཀར་འབྲེལ་བ་ཡོད་མེད་གསལ་པོ་མི་ཤེས་ཏེ། རྒྱ་ནག་གཞུང་གིས་ལོ་ལྟར་ཕྱི་ཟླ་ ༧ པ་དང་ ༨ པའི་ནང་ཁོང་ལྷ་སར་མངགས་ཀྱི་ཡོད། འོན་ཀྱང་དུས་ཡུན་དེའི་རིང་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ལག་བསྟར་བྱེད་ཕྱོགས་སོགས་ཀྱི་ལས་འཆར་གཏན་གཏན་ཡོད་རེད་བསམ་གྱི་འདུག་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
བོད་མི་མང་མདོ་སྟོད་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས། སྤྱིར་བོད་ཀྱི་བླ་ཆེན་ཕར་ཚུར་ཕེབས་རྒྱུ་དེ་བསྟན་འགྲོའི་དོན་དུ་ཕེབས་ཀྱི་ཡོད་པ་ཡིན་ཡང་། རྒྱལ་མཚན་ནོར་བུ་ནི་རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པ་ཞིག་ཆགས་ཀྱི་ཡོད་དུས། ཁོང་བོད་ནང་ཡར་མར་འགྲོ་རྒྱུ་དེ་བསྟན་འགྲོའི་དོན་དུ་མ་ཡིན་པར་ཆབ་སྲིད་ཀྱི་དགོས་མཁོ་ཁོ་ནའི་ཆེད་དུ་ཡིན་པ་གསལ་པོ་ཡིན་ཞིང་། དེ་ནི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ལ་རྒྱལ་སྤྱིའི་ངོས་ནས་ངོ་རྒོལ་ཤུགས་ཆེ་བྱེད་བཞིན་པའི་སྐབས་འདིར། རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་ལྷ་སར་མངགས་ཏེ་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་བཟོ་བ་དང་བོད་ཀྱི་ནང་ཆོས་རྒྱ་ནག་ཅན་དུ་བསྒྱུར་བའི་སྲིད་བྱུས་མི་སྤེལ་བར། བོད་ནང་ཆོས་དད་རང་དབང་ཡོད་པའི་རྣམ་པ་དྲིལ་བསྒྲགས་ཁོ་ནའི་སྲིད་བྱུས་སྤེལ་བཞིན་པ་གསལ་པོ་རེད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

ཡང་བྱེས་ཀྱི་གདན་ས་བཀྲིས་ལྷུན་པོའི་མཁན་རིན་པོ་ཆེ་དཀའ་ཆེན་བློ་བཟང་ཤེས་རབ་ལགས་ཀྱིས། རྒྱ་གཞུང་གིས་པཎ་ཆེན་དུ་བསྐོས་པ་རྒྱལ་མཚན་ནོར་བུ་ཁོང་བོད་ནང་ཕེབས་པ་འདི་ཆོས་མཇལ་དང་གནས་གཟིགས་ལ་ཕེབས་པ་སོགས་ནི་ཆོས་ཕྱོགས་ཀྱི་རང་དབང་ཆགས་ཀྱི་ཡོད་དུས་བསམ་འཆར་དམིགས་བསལ་མེད་ཀྱང་། ཆབ་སྲིད་ཀྱི་གནད་དོན་ཆགས་ཀྱི་ཡོད་ཚེ་གདན་ས་བཀྲ་ཤིས་ལྷུན་པོའི་ངོས་ནས་ངོས་ལེན་མེད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༤ ཉིན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་མཛད་པའི་ཉིན་གསུམ་གྱི་རྗེས་ཏེ་ཕྱི་ཟླ་ ༥ ཚེས་ ༡༧ ཉིན། རྒྱ་ནག་གཞུང་གིས་དགུང་གྲངས་དྲུག་ལ་ཕེབས་པའི་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཁོང་གི་ནང་མི་སྐུ་འཁོར་དང་བཅས་པ་བཙན་ཁྲིད་བྱས་ནས་ད་བར་གར་ཡོད་གར་ཁྲིད་གནས་ཚུལ་རྩ་བ་ནས་ཤེས་རྟོགས་མེད་པར་གྱུར་ནས་ད་ཆ་ལོ་ངོ་ ༣༡ འཁོར་ཡོད་པ་རེད་ལ། ཕྱི་ལོ་ ༡༩༩༥ ཟླ་ ༡༡ ཚེས་ ༡༡ ཉིན་རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་གསལ་བསྒྲགས་བྱས་ཤིང་། ཕྱི་ལོ་ ༡༩༩༥ ཟླ་ ༡༢ ནང་གཞིས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོའི་གཡས་གཡོན་དུ་དམག་མི་ལྔ་བརྒྱ་ལྷག་བཏང་ནས་ཉེན་སྲུང་བཙན་པོའི་འོག་ཁྲི་འདོན་བྱས་ཡོད་པ་རེད། ད་ལྟའི་ཆར་རྒྱལ་མཚན་ནོར་བུ་ནི་རྒྱ་ནག་རྒྱལ་ཡོངས་མི་དམངས་སྲིད་གྲོས་ཀྱི་འཐུས་མི་དང་། རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཞོན་དང་དེའི་ཡན་ལག་བོད་ཀྱི་ནང་བསྟན་མཐུན་ཀྱི་ཚོགས་གཙོ་ཡིན་འདུག་ཅིང་། ཁོང་ཐེངས་འདིར་བོད་དུ་དུས་ཡུན་ཇི་ཙམ་རིང་སྡོད་མིན་དང་ཞིབ་ཕྲའི་གནས་ཚུལ་ཡོངས་བསྒྲགས་བྱས་མེད་པ་རེད།།
ཁ་སྣོན་གསར་འགོད། པདྨ་དངོས་གྲུབ། བཀྲ་དབང་།
བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
