ཡེ་ན་དགོན་པའི་ཕྱག་མཛོད་མགོན་པོ་ཚེ་རིང་ལགས་ཀྱི་གནས་སྟངས་མུ་མཐུད་ཛ་དྲག་འོག་གནས་ཡོད་པ།

ཡེ་ན་དགོན་པའི་ཕྱག་མཛོད་མགོན་པོ་ཚེ་རིང་ལགས་ལོ་གཉིས་ཀྱི་རྗེས་སུ་ཡང་ཁྲིན་ཏུའུ་ཡི་སྨན་ཁང་ཞིག་ཏུ་ད་དུང་གནས་སྟངས་ཧ་ཅང་ཛ་དྲག་འོག་ལུས་ཡོད་པ།

ཡེ་ན་དགོན་པའི་ཕྱག་མཛོད་མགོན་པོ་ཚེ་རིང་ལགས་ཀྱི་གནས་སྟངས་མུ་མཐུད་ཛ་དྲག་འོག་ལུས་ཡོད་པ་རེད་འདུག

རྒྱ་ནག་གཞུང་གིས་བོད་ཁམས་སྡེ་དགེ་ཁུལ་དུ་རྒྱ་ནག་གཞུང་གིས་ཆུ་མཛོད་གློག་ཁང་འཛུགས་སྐྲུན་གྱི་ལས་གཞིར་ངོ་རྒོལ་གནང་རྐྱེན། རྒྱ་ནག་གཞུང་གིས་བཙོན་འཇུག་ཁྲིམས་ཐག་བཅད་དེ་བཙོན་དུ་སྡུག་སྦྱོང་མནར་སྤྱོད་མྱངས་པའི་ཡེ་ན་དགོན་པའི་ཕྱག་མཛོད་མགོན་པོ་ཚེ་རིང་ལགས་ལོ་གཉིས་ཀྱི་རྗེས་སུ་ཡང་ཁྲིན་ཏུའུ་ཡི་སྨན་ཁང་ཞིག་ཏུ་ད་དུང་གནས་སྟངས་ཧ་ཅང་ཛ་དྲག་འོག་ལུས་ཡོད་པ་བོད་ནང་ནས་བོད་མི་ཁག་ཅིག་གིས་འབྲེལ་ཡོད་མི་སྣ་ཞིག་གི་བརྒྱུད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་བྱུང་།

ད་ཆ་རང་ལོ་ ༤༦ ཡིན་པའི་མགོན་པོ་ཚེ་རིང་ལགས་ཀྱིས། ཕྱི་ལོ་ ༢༠༢༤ ལོའི་འགོ་སྟོད་དུ། བོད་ཁམས་སྡེ་དགེ་ཁུལ་དུ་རྒྱ་ནག་གཞུང་གིས་ཆུ་མཛོད་གློག་ཁང་འཛུགས་སྐྲུན་གྱི་ལས་གཞིས་རྐྱེན་པས་ས་གནས་བོད་མིའི་འཚོ་གནས་ལ་དཀའ་ངལ་ཆེན་པོ་བྱུང་བར། ངོ་རྒོལ་གྱི་ལས་འགུལ་སྤེལ་ཞིང་། ས་གནས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པའི་དགོན་པ་ཡང་རྒྱ་ནག་གི་འཛུགས་སྐྲུན་ཆེད་རྩ་གཏོར་གྱི་ཉེན་ཁ་འཕྲད་པར་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་རྗེས། དབོན་སྟོད་དགོན་དང་ཡེ་ན་དགོན་པའི་དགེ་འདུན་པ། གྲོང་ཚོའི་ལས་བྱེད་པ་མང་པོ་ཞིག་ལ་རྒྱ་ནག་གཞུང་གིས་ཁྲིམས་བཅད་ཉེས་པ་བཏང་ཡོད་ཅིང་། སྐབས་དེར་རྒྱ་ནག་གཞུང་གིས་ཡེ་ན་དགོན་པའི་མཁན་པོ་ཤེས་རབ་ལགས་དང་ཕྱག་མཛོད་རྒན་པ་མགོན་པོ་ཚེ་རིང་ལགས་སུ་ལོ་བཞི་དང་ལོ་གསུམ་བཅས་ཀྱི་བཙོན་འཇུག་ཁྲིམས་བཅད་བཏང་ཡོད་པ་རེད།

བོད་ནང་ཆུ་རགས་ཀྱི་ལས་གཞི་མང་པོ་འཛུགས་སྐྲུན་བྱེད་བཞིན་པ་སོགས་རྒྱ་ནག་གཞུང་གི་བྱ་ཐབས་སྤེལ་བའི་རྐྱེན་གྱིས་ལོ་ངོ་བརྒྱ་ཕྲག་གི་ལོ་རྒྱུས་ཡོད་པའི་དགོན་པ་དང་བོད་མིའི་སྡོད་སྒར་མང་པོ་ཞིག་གནས་སྤོ་བྱེད་དགོས་འཁེལ་གྱི་ཡོད་ཅིང་། མགོན་པོ་ཚེ་རིང་ལགས་ཀྱི་ད་ལྟའི་གནས་སྟངས་དེ་ནི་ཧ་ཅང་ཛ་དྲག་ཅིང་ཡིད་སྐྱོ་བའི་གནས་སྟངས་ཤིག་ཡིན་པས། གནད་དོན་དེས་མགོན་པོ་ཚེ་རིང་ལགས་ཙམ་མ་ཟད་བོད་ནང་གི་ཆབ་སྲིད་བཙོན་པ་སྤྱི་ཡོངས་ཀྱི་ཛ་དྲག་གི་གནས་སྟངས་མཚོན་ཐུབ་ཅེས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཟླ་བ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

ད་ཆ་མགོན་པོ་ཚེ་རིང་ལགས་ཀྱི་གནས་སྟངས་མུ་མཐུད་ཛ་དྲག་ཅན་དུ་གནས་བཞིན་ཡོད་པར། མགོན་པོ་ཚེ་རིང་གི་གནད་དོན་དེས་བོད་ནང་རྒྱ་ནག་གི་བཀག་ཉར་འོག་ཡོད་པའི་བོད་མི་ཚོར་མནར་གཅོད་དང་རྡུང་རྡེག་གཏོང་བའི་གནས་སྟངས་ངོ་མ་ཞིག་མཚོན་གྱི་ཡོད་པ་རེད་ལ། བོད་མི་ཆབ་སྲིད་བཙོན་པ་རྣམས་ལ་བཙོན་དུ་མནར་གཅོད་གཏོང་བ་དང་། སྨན་བཅོས་མཚམས་འཇོག་བྱེད་པ། འགན་མི་འཁུར་བ་སོགས་བྱས་ཏེ་ཕྱིས་སུ་བཀག་ཉར་བྱས་པའི་བོད་མི་རྣམས་ཀྱི་གཟུགས་གཞིའི་གནས་སྟངས་གསོ་ཐབས་མེད་པར་གྱུར་རྗེས་གློད་བཀྲོལ་བཏང་བ་ནི་བོད་ནང་དུ་རྒྱ་ནག་གི་བཀག་ཉར་ལམ་ལུགས་ཀྱི་ཆ་ཤས་ཤིག་ཡིན་པ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས་གསུངས་འདུག་ལ། ཁོང་གིས་ད་དུང་། རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས་རྒྱ་ནག་གཞུང་གིས་བོད་ནང་དུ་སྤེལ་བཞིན་པའི་སྲིད་བྱུས་ལ་ངོ་རྒོལ་ཐེར་འདོན་དགོས་ཤིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་སྣ་བོད་ནང་འགྲོ་སྐྱོད་ཀྱི་གོ་སྐབས་སྤྲོད་དགོས་པར་ཤུགས་སྣོན་བསྐྱོན་དགོས་པའི་སྐུལ་མ་གནང་འདུག

ཕྱི་ལོ་ ༢༠༢༥ ཟླ་ ༦ པའི་ནང་གནས་ཚུལ་ཐོན་པ་ལྟར་ན། མགོན་པོ་ལགས་འཛིན་བཟུང་རྗེས་ལྟ་སྲུང་ཁང་ནང་དུ་ཡོད་སྐབས་མནར་གཅོད་དྲག་པོ་བཏང་བར་བརྟེན་རྒྱ་ནག་གི་གྲེན་རྡུ་གྲོང་ཁྱེར་དུ་ཡོད་པའི་ཧྭ་ཤི་སྨན་ཁང་གི་ཚབས་ཆེའི་སྨན་བཅོས་ཁང་ (ICU) དུ་བསྐྱལ་དགོས་བྱུང་ཞིང་། མནར་གཅོད་ཕོག་པའི་དབང་གིས་ཀླད་ཆུ་བསགས་པ་དང་གློ་བར་གཉན་ཚད་ཚབས་ཆེན་ཕོག་པ་སོགས་བྱུང་འདུག་ལ། ཡང་ ༢༠༢༥ ཟླ་ ༡༠ པའི་ནང་གནས་ཚུལ་ཤེས་རྟོགས་བྱུང་བར། མགོན་པོ་ལགས་ལུས་ཚོར་མེད་པར་གྱུར་ནས། དབུགས་རྔུབ་འཕྲུལ་ཆས་ལ་བརྟེན་ནས་ཚེ་སྲོག་རྒྱུན་སྐྱོང་བྱེད་བཞིན་པའི་གནས་ཚུལ་དང་། འབྲེལ་ཡོད་གནས་ཚུལ་ཤེས་རྟོགས་ཡོད་མཁན་ཞིག་གིས་བརྗོད་ན། ཁོང་ཚབས་ཆེའི་སྨན་བཅོས་ཁང་ (ICU) ནང་དུ་ཡོད་པའི་སྐབས་སུ་ཟླ་བ་འགའ་ཤས་ཕྱིན་ན་ཡང་ལུས་པོར་ཚོར་བ་མེད་པ་དང་། དེ་ནས་རིམ་པས་ལུས་ཚོར་ཕྲན་བུ་ཡོད་རུང་། ལུས་པོའི་ཤེས་ཚོར་གང་ཡང་མེད་པ་གྱུར་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་བྱུང་།

ཤེས་རྟོགས་བྱུང་པར་གཞིགས་ན། སྔ་ལོའི་ཕྱི་ཟླ་ ༡༠ ནང་ཁོང་གི་གནས་སྟངས་ནི་གལ་ཏེ་དབུགས་རྔུབ་འཕྲུལ་ཆས་བཀོག་ན། ཁོང་དེ་མ་ཐག་ཏུ་འདས་གྲོངས་སུ་འགྲོ་ཉེན་ཆེ་བ་ཡོད་ཀྱང་། རྒྱ་ནག་གཞུང་ཕྱོགས་ནས་མང་ཚོགས་ཀྱི་མི་འདོད་པའི་ཁོང་ཁྲོ་ཡོང་ཉེན་ལ་གཞིགས་ཏེ། དབུགས་རྔུབ་འཕྲུལ་ཆས་བཀོག་མ་ནུས་པར་གནས་ཡོད་པ་བརྗོད་ཀྱི་འདུག་ལ། མགོན་པོ་ལགས་ཀྱི་པ་ལགས་བགྲེས་སོང་ཁོང་སེམས་སྡུག་དྲག་པོས་རྐྱེན་པས་ཉེ་ཆར་འདས་གྲོངས་སུ་སོང་ཡོད་འདུག

གཞན་ཡང་ ༢༠༢༤ ལོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ལག་སོན་བྱུང་པའི་བརྙན་པར་ནང་། མཁན་པོ་ཤེས་རབ་ལགས་ཀྱིས་ངོ་རྒོལ་བྱ་ཡུལ་དུ་པུས་མོ་ས་ལ་བཙུགས་ནས་དགོན་པ་སྲུང་སྐྱོབ་ཀྱི་ཆེད་དུ་ཞི་བའི་ཞུ་འབོད་གནང་པའི་པར་རིས་འདི་རྒྱ་ཁྱབ་དང་ཚང་མས་དོ་སྣང་བྱེད་ཡུལ་ཞིག་ཏུ་གྱུར་ཡོད། འོན་ཀྱང་མཁན་པོ་ཤེས་རབ་ལགས་འཛིན་བཟུང་བཙོན་འཇུག་བྱས་པའི་རྗེས་དུས་ད་ལྟ་བར་ཕྱི་ཕྱོགས་ནས་ཁོང་གི་གཟུགས་གཞིའི་གནས་སྟངས་སོགས་གང་ཡང་ཤེས་རྟོགས་མེད་པར་ལུས་ཡོད་པ་རེད།།

བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།