བོད་ནང་གི་མི་རབས་གསར་པའི་བོད་པའི་འགོ་ཁྲིད་ཚོར་དངོས་ཡོད་དབང་ཆ་ཡོད་དམ།

བོད་ནང་མི་རབས་གསར་པའི་འགོ་ཁྲིད་ཁྲོད་བོད་མི་བརྒྱ་ཆ་ ༢༥ ལས་མེད་པ་གསལ་སྟོན་བྱས་འདུག

༢༠༢༧ ལོར་རྒྱ་ནག་དམར་ཤོག་གི་ཚོགས་ཆེན་ ༢༡ པ་འདི་ཚོགས་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད་པའི་སྐབས་དེར། རྒྱ་ནག་གཞུང་གིས་བོད་དུ་ཆབ་སྲིད་ཐོག་བསམ་པ་རྣམ་དག་དང་། དམར་ཤོག་ཚོགས་པའི་ལྟ་བ་དང་མཐུན་པ། མི་རིགས་མཉམ་བསྲེས་ཀྱི་སྲིད་ཇུས་ལག་བསྟར་བྱེད་ཐུབ་མཁན་གྱི་མི་རབས་གསར་པའི་འགོ་ཁྲིད་དཔུང་ཁག་ཅིག་གསོ་སྐྱོང་བྱེད་བཞིན་ཡོད་པ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཕྱི་ཟླ་ ༨ ཚེས་ ༡༨ ཉིན་སྙན་ཐོ་ཞིག་བཏོན་ཡོད་པའི་ནང་བཀོད་འདུག

གྲངས་ཐོ་ནས་གསལ་བའི་དབང་ཆ།

ད་ལྟ་བོད་ནང་གི་དངོས་ཡོད་གནས་སྟངས་ནི། བོད་ཁུལ་གྱི་དམར་ཤོག་ཚོགས་པ་དང་གཞུང་། བདེ་འཇགས། ཁྲིམས་ཁང་སོགས་ཀྱི་ཚན་པའི་ནང་དབང་ཆ་ཡོད་མཁན་ཆེས་མཐོའི་འགོ་ཁྲིད་ཀྱི་གོ་གནས་ ༢༤༠ ཡོད་པའི་ནང་བོད་པ་ ༦༢ ལས་མེད་པ་དེ་བརྒྱ་ཆ་ ༢༥.༨ ལས་ཟིན་གྱི་མེད་པ་དང་། བོད་པ་མ་ཡིན་པ་ ༡༧༨ ཡོད་པ་དེ་བརྒྱ་ཆ་ ༧༤.༢ ཀྱིས་འགོ་ཁྲིད་ཀྱི་གོ་གནས་བཟུང་ཡོད་འདུག་ལ། དེ་བཞིན་བོད་ཁུལ་གྱི་ཞིང་ཆེན་རིམ་པའི་དམར་ཤོག་ཚོགས་པའི་འགོ་ཁྲིད་མཐོ་ཤོས་སུ་ད་བར་བོད་མི་གཅིག་ཀྱང་བསྐོ་བཞག་བྱས་མེད་པ་རེད་ཅེས་སྙན་ཐོའི་ནང་བཀོད་འདུག

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་འགན་འཛིན་བུ་ཆུང་ཚེ་རིང་ལགས་ཀྱིས། རྒྱ་ནག་དམར་ཤོག་ཚོགས་པའི་འགྲོ་ལུགས་ཐོག་ལ་བོད་མིར་གོ་གནས་ཡོད་པ་དང་བོད་མིར་ཐག་གཅོད་བྱེད་པའི་དབང་ཆ་ཡོད་པ་འདི་ཁྱད་པར་ཆགས་ཡོད། དམར་ཤོག་ཚོགས་པའི་འགྲོ་ལུགས་ནང་ལ་དམར་ཤོག་གཙོ་བོ་བཟུང་ནས་ཐག་གཅོད་བྱ་རྒྱུའི་ལམ་སྲོལ་ཞིག་ཡོད་པ་རེད། དེར་བརྟེན་གལ་ཏེ་དམར་ཤོག་ཚོགས་པའི་ཐག་གཅོད་བྱེད་མཁན་མཐའ་མ་འདིའི་ནང་བོད་པའི་དབང་ཆ་ཡོད་པ་དེ་འདྲ་ཞིག་མེད་ན། དམར་ཤོག་ཚོགས་པའི་ལག་ལེན་བསྟར་མཁན་འདི་གོ་གནས་ཡོད་མཁན་མི་དེ་ཚོ་ཆགས་ཡོད་ཅེས་གསུངས་བྱུང།

བོད་ནང་མི་རབས་གསར་པའི་འགོ་ཁྲིད་ཁྲོད་བོད་མི་བརྒྱ་ཆ་ ༢༥ ལས་མེད་པ་གསལ་སྟོན་བྱས་འདུག
བོད་ནང་གི་མི་རབས་གསར་པའི་བོད་པའི་འགོ་ཁྲིད་ཚོར་དངོས་ཡོད་དབང་ཆ་ཡོད་དམ། བོད་ནང་གི་དཔོན་རིགས་ཀྱི་གྲུབ་ཆ་དང་མི་རིགས་ཀྱི་ཁྱད་པར། (ICT)

དེ་སྔའི་འགོ་ཁྲིད་དང་ད་ལྟའི་མི་རབས།

སྙན་ཐོའི་ནང་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་དང་། ང་ཕོད་ངག་དབང་འཇིགས་མེད། ཕུན་ཚོགས་དབང་རྒྱལ་སོགས་དེ་སྔོན་གྱི་བོད་པའི་འགོ་ཁྲིད་ཁ་ཤས་ཀྱིས་དམར་ཤོག་གི་ལམ་ལུགས་ནང་ནས་བོད་ཀྱི་སྐད་ཡིག རིག་གཞུང་དང་བོད་མིའི་ཁེ་ཕན་ཐད་སྐད་ཆ་བཤད་ཐུབ་པའི་ཁོར་ཡུག་ངེས་ཅན་ཡོད་པ་དབྱེ་ཞིབ་གནང་འདུག ད་ལྟ་ཁོར་ཡུག་འདི་ཆུང་དུ་འགྲོ་བཞིན་ཡོད་པ་འདི་སྲིད་བྱུས་ཀྱི་འགྱུར་བའི་གནད་འགག་ཅིག་ཆགས་ཡོད།

བུ་ཆུང་ཚེ་རིང་ལགས་ཀྱིས་དེ་སྔ་བོད་ཁུལ་གྱི་འགོ་ཁྲིད་འགའ་ཤས་ནི་བོད་རང་བཙན་ཡོད་པའི་སྐབས་ནས་ཕྱག་ལས་གནང་མྱོང་མཁན་དང་། དེའི་རྗེས་ལ་བོད་ཀྱི་དེ་སྔའི་གནས་སྟངས་དེ་ཚོ་ཡག་པོ་མཁྱེན་མཁན་ཡིན་དུས་སེམས་འཁུར་ཡོད་མཁན་དང་། ཁོང་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་རྒྱ་ནག་དམར་ཤོག་ཚོགས་པའི་རེ་འདུན་གཞི་བཟུང་བྱེད་ཀྱི་ཡོད་པ་འདི་བརྗོད་མི་དགོས་པ་རེད། འོན་ཀྱང་དེ་དང་ཆབས་ཅིག་བོད་པའི་མི་རིགས་ཀྱི་ངོ་བོའི་ཐོག་ལ་ཕན་ཐོགས་བྱེད་ཐུབ་པའི་ཐབས་ཤེས་གང་ཐུབ་གནང་ཡོད་ཅེས་དང་། ད་ལྟའི་བོད་ཁུལ་གྱི་འགོ་ཁྲིད་ཚོར་དེ་སྔའི་རྒྱབ་ལྗོངས་མེད་པ་དང་། ད་ལྟ་དམར་ཤོག་ཚོགས་པའི་འདོད་འདུན་གཙོ་བོ་བཟུང་སྟེ། དེ་ཡང་བོད་ས་ཁུལ་འདི་རྒྱ་ནག་གི་ས་ཁུལ་གཞན་ནང་བཞིན་འཛིན་སྐྱོང་གི་ངོ་བོ་གཅིག་པུར་བསམ་བློ་བཏང་ནས་ཕྱག་ལས་གནང་གི་ཡོད་པ་ད་ལྟའི་ཆ་ལ་འདི་ལྟར་མཐོང་གི་འདུག་ཅེས་གསུངས་བྱུང་།

བོད་ནང་མི་རབས་གསར་པའི་འགོ་ཁྲིད་ཁྲོད་བོད་མི་བརྒྱ་ཆ་ ༢༥ ལས་མེད་པ་གསལ་སྟོན་བྱས་འདུག
བོད་ནང་གི་མི་རབས་གསར་པའི་བོད་པའི་འགོ་ཁྲིད་ཚོར་དངོས་ཡོད་དབང་ཆ་ཡོད་དམ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་འགན་འཛིན་བུ་ཆུང་ཚེ་རིང་ལགས། (ICT)

ཁྲིམས་གསར་པ་དང་དམར་ཤོག་གི་ལྟ་བ།

ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༡ ནས་ལག་བསྟར་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་དང་། ཞི་ཅིན་ཕིང་གི་དམར་ཤོག་འཛུགས་སྐྲུན་གྱི་དགོངས་པ་ཟེར་བ་གཉིས་ནི་མ་འོངས་པའི་བོད་སྐྱོང་གི་ཆབ་སྲིད་དང་ཁྲིམས་ཀྱི་གཞི་རྩ་གཙོ་བོ་ཆགས་རྒྱུ་དང་། དེས་བོད་ཀྱི་སྐད་ཡིག་གི་སློབ་གསོ་དང་། ཆོས་ལུགས། རིག་གཞུང་། མི་རིགས་ཀྱི་ངོ་བོ་བཅས་ལ་དམ་དྲག་སྔར་ལས་ཤུགས་ཆེ་རུ་འགྲོ་རྒྱུའི་ཉེན་ཁ་ཡོད་སྐོར་སྙན་ཐོའི་ནང་དབྱེ་ཞིབ་གནང་འདུག

ད་ལྟ་བོད་ནང་མཚོན་ན། ཕྱོགས་གཅིག་ནས་མི་རིགས་ས་ཁོངས་རང་སྐྱོང་གི་ཁྲིམས་དང་། ཡང་གསར་དུ་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་འདི་གཉིས་ནས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་གཞིགས་ན། ཁྲིམས་གསར་པའི་འགྱུར་བའི་ཁྲོད་ནས་བོད་སྐད་གཙོ་བོའི་སློབ་ཁྲིད་ནས་རྒྱ་སྐད་གཙོ་བོའི་སློབ་ཁྲིད་ལ་སྒྱུར་བཞིན་པ་དང་། ༢༠༢༥ ལོའི་ནང་བོད་ཀྱི་སློབ་གྲྭའི་དཔེ་དེབ་དང་ཀློག་དེབ་བརྒྱ་ཆ་ ༩༥ རྒྱ་ཡིག་ཐོག་ཡིན་པ་བཀོད་ཡོད།

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་འགན་འཛིན་བུ་ཆུང་ཚེ་རིང་ལགས་ཀྱིས་མུ་མཐུད་གསུངས་པར། ད་ལོའི་ང་ཚོའི་སྙན་ཐོར་གཟིགས་པ་ཡིན་ན། བོད་ཁུལ་གྱི་འགོ་ཁྲིད་གདམ་སྟངས་འདི་ཡང་རྒྱ་ནག་དམར་ཤོག་ཚོགས་པའི་བཀོད་སྒྲིག་འོག་ལ་ཁྲིམས་དང་གོམ་སྲོལ་གཏན་འབེབས་བྱས་པ་དེ་དང་མཉམ་དུ་འབྲེལ་བ་ཆགས་འདུག དཔེར་ན། ད་ལྟ་བཀའ་མོལ་ཞུ་བཞིན་ཡོད་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཁྲིམས་འདི་གཏན་འབེབས་བྱས་ཟིན་ནས་ལག་ལེན་བསྟར་བའི་དུས་ཚོད་འདི་འཁེལ་ཡོད། འདིའི་སྐབས་ལ་གལ་ཆེ་ཤོས་འདི་དེ་སྔ་བོད་ཁུལ་གྱི་འགོ་ཁྲིད་ཚོ་ལ་གུ་བཤངས་ཡོད་པའི་གནད་དོན་དེ་ཚོ་ད་ལྟའི་ཆར་ཁོང་ཚོར་གུ་བཤངས་མེད་པའི་རྣམ་པ་འདི་ཆགས་ཡོད། དེ་ཡང་བོད་པའི་སྐད་དང་རིག་གཞུང་། ཐ་ན་ཆོས་ལུགས་ཀྱང་ས་གནས་ས་ཐོག་ཏུ་ཉམས་ལེན་བྱེད་ཐུབ་པ་འདི་ད་ལྟའི་ཆར་ཁོང་རྣམ་པ་ཚོས་བྱེད་པའི་སྤོབས་པ་དང་གདེང་ཚོད་ཉུང་དུ་ཕྱིན་པ་དང་། ད་ལྟའི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་འདི་ཉིད་གཞི་བཟུང་གི་ཐོག་ནས་ཁོང་ཚོར་འགོག་རྐྱེན་བཟོས་པ་འདི་ཆགས་འདུག་ཅེས་གསུངས་བྱུང་།

བོད་ནང་མི་རབས་གསར་པའི་འགོ་ཁྲིད་ཁྲོད་བོད་མི་བརྒྱ་ཆ་ ༢༥ ལས་མེད་པ་གསལ་སྟོན་བྱས་འདུག
བོད་ནང་གི་མི་རབས་གསར་པའི་བོད་པའི་འགོ་ཁྲིད་ཚོར་དངོས་ཡོད་དབང་ཆ་ཡོད་དམ། བོད་ནང་གི་དཔོན་རིགས། (ICT)

ཆོས་དང་རིག་གཞུང་ནི་བདེ་འཇགས་ཀྱི་གནད་དོན་ལ་ངོས་འཛིན།

བོད་ནང་དགོན་པ་ཚང་མར་གཞུང་གི་ལས་བྱེད་མི་སྣ་མངགས་གཏོང་བྱས་པའི་ཐོག་དམག་མི་དང་ཉེན་རྟོག་ས་ཚིགས། མེ་གསོད་རུ་ཁག་སོགས་ཀྱིས་ཁྱབ་ནས་ཡོད་པ་དང་། དེང་དུས་ཀྱི་པར་ཆས་དྲ་བ་ནི་དགོན་པའི་ནང་མེད་དུ་མི་རུང་བའི་ཆ་ཤས་ཤིག་བཟོས་ཡོད་པས། སྙན་ཐོའི་ནང་བོད་ཀྱི་འཛིན་སྐྱོང་དེ་རིམ་བཞིན་རྒྱལ་ཁབ་ཀྱི་བདེ་འཇགས་ཀྱི་ལྟ་ཚུལ་བཟུང་བཞིན་དུ་སྐད་ཡིག་དང་། ཆོས་ལུགས། རིག་གཞུང་སོགས་ཀྱང་བདེ་འཇགས་དང་སྦྲེལ་བཞིན་ཡོད་པར་དབྱེ་ཞིབ་གནང་འདུག

བུ་ཆུང་ཚེ་རིང་ལགས་ཀྱིས་ངོས་འཛིན་གནང་བར། བོད་དང་འབྲེལ་བ་ཡོད་པའི་གནད་དོན་མང་པོ་ཞིག་རྒྱལ་ཁབ་ཀྱི་བདེ་འཇགས་དང་མཉམ་དུ་འབྲེལ་བ་བཟོས་ཡོད། དཔེར་ན། ཞི་ཅིན་ཕིང་གི་སྲིད་བྱུས་གཙོ་བོ་འདི་རྒྱ་ནག་འཛིན་སྐྱོང་ཡག་པོ་དགོས་ན་མཐའ་མཚམས་ས་ཁུལ་སྲུང་སྐྱོབ་ཡག་པོ་དགོས་པ་དང་། མཐའ་མཚམས་ས་ཁུལ་སྲུང་སྐྱོབ་ཡག་པོ་དགོས་པར། བོད་ཁུལ་དུ་བདེ་འཇགས་དགོས་པ་བརྗོད་ཡོད། དེར་བརྟེན་བོད་ནང་གི་གནད་དོན་གཙོ་བོ་ནི་ཁོང་ཚོས་བདེ་འཇགས་འདི་གལ་ཆེ་བ་བརྩིས་ནས་བདེ་འཇགས་ལ་ཉེན་ཁ་ཡོད་པ་ལྟ་བུ་མཐོང་ནས་བོད་ཀྱི་ངོ་བོ་དང་བོད་མི་ཆོས་སོགས་ཚང་མའི་ཐོག་སྟངས་འཛིན་བྱས་པ་འདི་ཆགས་ཡོད་ཅེས་བརྗོད་བྱུང་།

སྙན་ཐོ་འདིའི་མཇུག་ཏུ། འགྱུར་བ་འདིའི་ཁྲོད་ནས་རྒྱ་ནག་གཞུང་གིས་ཉིན་རེ་བཞིན་དབང་ཆ་ཕྱོགས་གཅིག་ཏུ་བསྡུས་བཞིན་ཡོད་པ་མངོན་གྱི་ཡོད་པ་མ་ཟད། ད་དུང་བོད་དང་འབྲེལ་བ་ཆགས་པའི་ཆབ་སྲིད་ཀྱི་ཐག་གཅོད་ནང་བོད་མིས་མཉམ་ཞུགས་བྱེད་ཚད་ཤུགས་ཆུང་དུ་འགྲོ་བཞིན་ཡོད་པ་བརྗོད་འདུག་ལ། རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་མིའི་སྒྲིག་འཛུགས་དང་འབྲེལ་བ་བྱ་རྒྱུར་ཤུགས་གནོན་རྒྱབ་སྟེ། དམངས་གཙོའི་ལམ་ལུགས་སྲ་བརྟན་ཡོང་རྒྱུར་རྒྱབ་སྐྱོར་དགོས་པའི་འབོད་སྐུལ་གནང་འདུག

མཐར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་འགན་འཛིན་བུ་ཆུང་ཚེ་རིང་ལགས་ཀྱིས། ད་ལྟ་ང་ཚོས་རྒྱ་ནག་གི་འགོ་ཁྲིད་ཚོར་ལྟ་སྟངས་དང་རྒྱ་ནག་གི་སྟངས་འཛིན་སྲིད་བྱུས་ལ་ལྟ་སྟངས་སོགས་ཚང་མས་བོད་ཀྱི་མ་འོངས་པའི་ཐབས་ལམ་ང་ཚོས་གང་འདྲ་འཚོལ་གྱི་ཡོད་མེད་དང་། མཐའ་མའི་བོད་ཀྱི་བདེན་མཐའ་སེལ་བའི་ཐད་ལ་ག་རེ་གནང་དགོས་ཀྱི་ཡོད་མེད་ཐོག་ལ་དགོངས་པ་བཞེས་ཏེ་དེ་རྩིས་ཀྱི་ཐབས་ཇུས་ཤིག་གཏིང་དགོས་པར་ངོས་འཛིན་གནང་གི་འདུག

བོད་ནང་གི་བོད་པའི་མི་རབས་ཀྱི་འགྱུར་བའི་ཁྲོད་ནས་རྒྱ་ནག་གཞུང་གིས་མི་རབས་གསར་པའི་བོད་ནང་གི་འགོ་ཁྲིད་དཔུང་ཁག་ལ་འགྱུར་བ་ཆེན་པོ་གཏོང་བཞིན་ཡོད་པ་དེར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྙན་ཐོའི་ནང་ནས་བོད་ནང་དོན་ངོ་མའི་རང་སྐྱོང་གི་གནས་བབ་ཇི་ཙམ་ཡོད་མེད་འདི་གང་ཙམ་མངོན་ཐུབ་རྒྱུ་འདུག

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བཏོན་པའི་སྙན་ཐོ་འདིར་གཞིགས་ན། བོད་ནང་གི་འགོ་ཁྲིད་སུ་ཞིག་བསྐོ་བཞག་བྱེད་ཀྱི་ཡོད་མེད་དེ་གཙོ་འདོན་མིན་པར། བོད་ཀྱི་འགོ་ཁྲིད་ཀྱི་གོ་གནས་སུ་བོད་པ་ཡོད་ཀྱང་། དངོས་ཡོད་ཐག་གཅོད་ཀྱི་དབང་ཆ་ག་ཚོད་ཡོད་མེད་དང་། མ་འོངས་པའི་བོད་སྐྱོང་གི་མི་རབས་གསར་པའི་འགོ་ཁྲིད་ཚོས་དམར་ཤོག་ཚོགས་པའི་སྲིད་ཇུས་ལག་བསྟར་བྱེད་པ་ལས། བོད་མིའི་སྐད་ཡིག་དང་། ཆོས་ལུགས། རིག་གཞུང་དང་རང་སྐྱོང་གི་ཐོབ་ཐང་སྲུང་ཐུབ་མིན་དེ་དྲི་བ་ཞིག་ཆགས་ཡོད་འདུག