མཐོ་སློབ་ལ་ཡིག་རྒྱུགས་གཏོང་མཁན་ཕྱི་མི་གནས་སྤོ་བ་ཟེར་བའི་བོད་ནང་གི་ཐབས་ཇུས་གསར་པ།

2024.03.29
མཐོ་སློབ་ལ་ཡིག་རྒྱུགས་གཏོང་མཁན་ཕྱི་མི་གནས་སྤོ་བ་ཟེར་བའི་བོད་ནང་གི་ཐབས་ཇུས་གསར་པ། ཕོ་བྲང་པོ་ཏ་ལའི་མདུན་དུ་མཐོ་རིམ་སློབ་ཐོན་སྐབས་པར་རྒྱག་བཞིན་པ། ༢༠༢༡
AP

རྩོམ་བྲིས་པ།  བོད་ཀྱི་རྩོམ་པ་པོ་ཚེ་རིང་འོད་ཟེར། (འོད་ཟེར།)

སྤྱི་ཟླ་༣ཚེས་༡༨ཉིན་བོད་རང་སྐྱོང་ལྗོངས་སློབ་གསོ་ལས་ཁུངས་དང་བོད་རང་སྐྱོང་ལྗོངས་ཀྱི་མ་རྩ་འཇོག་རྒྱུའི་སྐུལ་སྤེལ་ལས་ཁུངས་ཐུན་མོང་གི་ཐོག་ནས་མཐོ་སློབ་ལ་ཡིག་རྒྱུགས་གཏོང་རྒྱུའི་འབྲེལ་ཡོད་ཡིག་ཆ་ཞིག་ཁྱབ་བསྒྲགས་བྱས་ཡོད་པ་རོའི་ཊརསི་གསར་སྤེལ་ཁང་སོགས་ཕྱི་རྒྱལ་གྱི་གསར་འགྱུར་བརྒྱུད་ལམ་ནས་དོ་སྣང་བྱུང་པ་མ་ཟད།   ད་དུང་འབྲེལ་ཡོད་ཀྱི་གནས་ཚུལ་སྤེལ་ཡོད་པ་རེད།   ཡིག་ཆ་འདིའི་མིང་ལ་<<འབྲེལ་ཡོད་སྔར་ལས་ལྷག་པའི་སྒོ་ནས་ལྗོངས་ཡོངས་སུ་ཚོང་འགུགས་མ་རྩ་འཇོག་མཁན་ཡོང་ཆེད་ཁེ་ལས་ཀྱི་མ་རྩ་འཇོག་མཁན་གྱི་བུ་ཕྲུག་བོད་རང་སྐྱོང་ལྗོངས་ཀྱི་མཐོ་སློབ་ཡིག་རྒྱུགས་ནང་ཉམས་ཞུགས་ཐོ་བཀོད་ཚད་ལྡན་བྱེད་ཕྱོགས་ཀྱི་བརྡ་ཁྱབ་>>ཟེར་ཡོད།   འདི་ནི་བོད་ལ་ཚོང་འགུགས་མ་རྩ་འཇོག་མཁན་ཡོང་ཆེད་ཀྱི་ཐབས་ཇུས་ཟེར་བ་ཡིན་སྐོར་བེང་བའེ་(澎湃)གསར་འགྱུར་ཁང་གིས་ངོས་འཛིན་བྱས་འདུག

དོན་དངོས་ཐོག་ཡིག་ཆའི་འགོ་བརྗོད་དུ་སྔར་ལས་ལྷག་པ་ཟེར་གླེང་ཡོད་པ་འདི་ནི་ཚོང་འགུགས་མ་རྩ་འཇོག་པ་ཟེར་བའི་མིང་ཐོག་ནས་རྒྱ་ནག་གི་ས་གནས་ཁག་གི་མ་རྩ་འཇོག་མཁན་གྱི་བློ་འགུགས་ཆེད་ཁོང་ཚོའི་བུ་ཕྲུག་བོད་ཀྱི་མཐོ་སློབ་ཡིག་རྒྱུགས་ནང་མཉམ་ཞུགས་ཆོག་པ་གསལ་སྟོན་བྱས་ཡོད་པ་འདི་ནི་ད་རེས་ཐེངས་དང་པོ་ཆགས་ཀྱི་མེད་ལ།   ཡང་དེ་ནས་བསྐྱར་དུ་ཡིག་ཆའི་ནང་དོན་ལ་བལྟས་ན།   བོད་ནང་མ་དངུལ་(རྒྱ་ནག་གི་མི་མང་ཤོག་སྒོར་) སྒོར་ས་ཡ་གསུམ་ཡན་གྱི་མ་རྩ་འཇོག་པ་ཡིན་ཚེ།   དེའི་བུ་ཕྲུག་ལ་བོད་ནང་གི་ཐེམ་ཐོའི་ཐོབ་ཐང་རགས་རྒྱུ་མ་ཟད།   ད་དུང་བོད་ནང་གི་ཡིག་རྒྱུགས་གཏོང་མཁན་གྱི་མིང་ཐོག་ནས་མཐོ་སློབ་ཀྱི་ཡིག་རྒྱུགས་ནང་མཉམ་ཞུགས་བྱ་ཆོག་གི་ཡོད་འདུག   འདིའི་ཐད་དྲྭ་གྲོགས་ཀྱིས་དཔྱད་གླེང་བྱས་པར།   མདོར་བསྡུས་ནས་བཤད་ན།   དངུལ་ཡོད་ན་མཐོ་སློབ་ཡིག་རྒྱུགས་ཐད་ཀྱི་ས་བབ་གནས་སྟངས་ཀྱི་ཁེ་ཕན་ལོངས་སྤྱོད་བྱ་རྒྱུ་ཡོད་ཅེས་བཀོད་འདུག   འོན་ཀྱང་བོད་ལ་ལག་བསྟར་བྱས་པའི་མཐོ་སློབ་ཡིག་རྒྱུགས་ཀྱི་དམིགས་བསལ་སྲིད་ཇུས་འདི་ནི་དངོས་འབྲེལ་བྱས་ན་སློབ་གསོའི་མཐུན་རྐྱེན་ཞན་པའི་ཕྲུ་གུའི་ཆེད་དུ་ཆགས་ཀྱི་ཡོད་པས།   འདི་ལྟར་བྱས་ན་དྲང་བདེན་ཞིག་རེད་དམ།

ཡིག་ཆའི་ནང་རྒྱ་ནག་གི་ས་གནས་ཁག་གི་མི་སྣས་བོད་ལ་མ་རྩ་འཇོག་པར་དུས་ཚོད་ཀྱི་ཆ་རྐྱེན་བཏོན་ཡོད་རུང་།   དཔེར་ན། ཚོང་ལས་ལོ་གསུམ་ཡན་བསྟུད་མར་གཉེར་མཁན་དང་།  ཁྲལ་བབ་ལོ་གསུམ་ཡན་བསྟུད་མར་རྒྱབ་མཁན་སོགས་ཀྱི་བུ་ཕྲུག་བོད་ཀྱི་མཐོ་སློབ་ཡིག་རྒྱུགས་ནང་མཉམ་ཞུགས་བྱ་ཆོག་གི་ཡོད་འདུག   འོན་ཀྱང་བུ་ཕྲུག་ཆེད་མངགས་མཐོ་སློབ་ལ་ཡིག་རྒྱུགས་གཏོང་ཆེད་བོད་ལ་ཡོང་མཁན་རྒྱ་ནག་གི་ས་གནས་ཁག་ནས་ཡིན་པའི་མ་རྩ་འཇོག་མཁན་ངོས་ནས་བྱས་ན།   ལོ་ངོ་གསུམ་གྱི་དུས་ཡུན་ཐུང་ཐུང་འདིས་འདང་ངེས་ཤིག་ཆགས་ཀྱི་ཡོད་ལ།   ད་དུང་ཁོང་ཚོའི་བུ་ཕྲུག་བོད་དུ་སློབ་འབྲིང་གི་མཐོ་རིམ་ལོ་གསུམ་སློབ་སྦྱོང་བྱ་མི་དགོས་པར་ལོ་རིམ་གསུམ་པར་ལོ་གཅིག་ལས་སློབ་སྦྱོང་བྱ་དགོས་ཀྱི་མེད།   དེར་བརྟེན་འདི་ནི་མཐོ་སློབ་ཡིག་རྒྱུགས་ཀྱི་ཕྱི་མི་གནས་སྤོ་བ་ཟེར་བ་མིན་ན་གང་རེད།   ཡིན་ན་ཡང་ཟླ་བ་འདིའི་ཚེས་ ༢༠ ཉིན་རྒྱ་ནག་གི་སློབ་གསོ་ལྷན་ཁང་གིས་ <<འབྲེལ་ཡོད་སྤྱི་ལོ་ ༢༠༢༤ ལོའི་སློབ་གྲྭ་ཆེན་མོར་སློབ་བསྡུའི་ལས་དོན་ཡག་པོ་གཉེར་དགོས་པའི་བརྡ་ཁྱབ་>>ཟེར་བ་ཞིག་ཁྱབ་བསྒྲགས་བྱས་པ་འདིའི་ནང་མཐོ་སློབ་ཡིག་རྒྱུགས་ཀྱི་ཕྱི་མི་གནས་སྤོ་བ་ཟེར་བར་རྡུང་རྡེག་ཚ་ནན་གཏོང་དགོས་པ་དང་།   སློབ་གྲྭར་འཛུལ་ཞུགས་ཀྱི་གོ་སྐབས་འདྲ་མཉམ་ཡོང་རྒྱུར་སྐུལ་དེད་གཏོང་དགོས་ཟེར་གསལ་སྟོན་བྱས་ཏེ་རྒྱལ་ཁབ་ཀྱིས་དབུས་ནུབ་ཁུལ་དུ་སློབ་བསྡུའི་རོགས་སྐྱོར་ལས་ཀའི་འཆར་གཞི་འདི་ལ་རྒྱབ་སྐྱོར་བྱས་ཏེ་དབུས་ནུབ་ཁུལ་དང་ཡིག་རྒྱུགས་གཏོང་མཁན་སློབ་མར་ཞིང་ཆེན་ཆེ་བའི་ནང་སྐྱོད་པའི་དམིགས་བསལ་ལྟ་སྐྱོང་གི་སྲིད་ཇུས་འདིའི་ནང་མཐོ་སློབ་ཡིག་རྒྱུགས་ཀྱི་ཕྱི་མི་གནས་སྤོ་བ་ཟེར་བ་མ་ཚུད་པའི་ཆེད་དུ་བརྡ་ཁྱབ་འདི་བཏང་ཡོད།

སྤྱི་ལོ་ ༢༠༠༨ ཟླ་ ༣ པར་བོད་ས་ཡོངས་སུ་ངོ་རྒོལ་གྱི་ལས་འགུལ་འདི་མ་ཐོན་པའི་སྔོན་ནས་རྒྱ་ནག་གི་ས་གནས་ཁག་གི་མི་སྣ་བོད་དུ་ཡོང་རྒྱུའི་ཆེད་དུ་བོད་རང་སྐྱོང་ལྗོངས་ཀྱིས་ཐེམ་ཐོར་བསྒྱུར་བཅོས་ཀྱི་བྱ་ཐབས་ཤིག་ལག་བསྟར་བྱས་ཤིང་།   ཕྱི་ནས་བོད་རང་སྐྱོང་ལྗོངས་ནང་ཡོང་མཁན་གྱི་མི་སྣར་བོད་ཀྱི་ཐེམ་ཐོ་སྤྲད་ཡོད་པས།   དེར་བརྟེན་ཐེམ་ཐོ་གཉིས་ལྡན་ཟེར་བ་ཡོད་མཁན་དང་།   ཐ་ན་མི་རིགས་ལ་ཡང་བསྒྱུར་བ་བཏང་ནས་ཕྱི་མི་གནས་སྤོ་བྱེད་མཁན་མི་ཉུང་བ་ཞིག་བྱུང་ཡོད།   ཕྱི་མི་གནས་སྤོ་བ་མང་པོ་ཞིག་གི་ནང་མི་ཡོངས་རྫོགས་བོད་ནང་སླེབས་པ་དང་།   མཐོ་སློབ་ཡིག་རྒྱུགས་ཀྱི་ཕྱི་མི་གནས་སྤོ་བ་ཟེར་བ་ལོ་ལྟར་ཕར་སྣོན་འགྲོ་བཞིན་ཡོད་ལ།   དེའི་ནང་ད་དུང་མི་རིགས་བོད་པ་ཡིན་པའི་མིང་ཐོག་ནས་བོད་ཀྱི་མཐོ་སློབ་ཡིག་རྒྱུགས་ཀྱི་ས་མིག་ཟིན་མཁན་གྱི་བོད་པ་མ་ཡིན་པ་ཡང་ཡོད་པ་རེད།

ཡང་དཔེར་ན་སྤྱི་ལོ་ ༢༠༠༠ ལོར་ལྷ་ས་གྲོང་ཁྱེར་གྱིས་ <<འབྲེལ་ཡོད་ཤེས་ཡོན་ཅན་འདུ་སྐོང་གི་གནས་སྐབས་གཏན་འབེབས་>> ཟེར་བ་འདིའི་ནང་ཕྱི་ཕྱོགས་ནས་ཡོང་མཁན་མི་སྣ་ཡིན་ཕྱིན་ལས་ཀའི་མིང་ཐོབ་དང་ཞིབ་འཇུག་གི་མ་དངུལ།  གླ་ཕོགས།  བྱ་དགའི་དངུལ།  སྡོད་གནས།  ཐེམ་ཐོ་སོགས་ཀྱི་ཐད་དམིགས་བསལ་གྱི་སྲིད་ཇུས་ལོངས་སྤྱོད་ཆོག་པའི་གསལ་བསྒྲགས་བྱས་ཡོད་པ་དང་།   སྤྱི་ལོ་ ༢༠༠༩ ལོར་ཁྱབ་བསྒྲབས་བྱས་པའི་ <<ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་དམིགས་བསལ་སྲིད་ཇུས་སྣ་ཚོགས་ཕྱོགས་བསྡུས་>> ཟེར་བའི་ནང་འབུམ་གཅིག་ཡན་གྱི་མ་རྩ་འཇོག་རྒྱུར་ཁས་ལེན་བྱེད་མཁན་དོ་བདག་དང་བཟའ་ཟླ་བུ་ཕྲུག་ཚང་མར་བོད་རང་སྐྱོང་ལྗོངས་ཀྱི་ཐེམ་ཐོ་ཐོབ་ཀྱི་ཡོད་པ་བརྗོད་པ་འདི་ཡང་མཐོ་སློབ་ཡིག་རྒྱུགས་ཀྱི་ཕྱི་མི་གནས་སྤོ་བ་ཟེར་བར་སྐུལ་ལྕག་བཏང་པ་ཞིག་མཚོན་གྱི་ཡོད།

གནད་དོན་ནི་འདི་ལྟར་རྒྱ་ནག་གི་ས་གནས་ཁག་གི་མི་སྣའི་བུ་ཕྲུག་བོད་དུ་འཛུལ་ཡོང་གི་ཡོད་པ་དང་།   དེ་ནི་གཞུང་ཕྱོགས་ཀྱིས་གཏན་འབེབས་བྱས་པའི་དམིགས་བསལ་སྲིད་ཇུས་འདིའི་འོག་ནས་ས་གནས་རང་གི་མཐོ་སློབ་ལ་ཡིག་རྒྱུགས་གཏོང་མཁན་སློབ་མའི་ས་མིག་ཕོན་ཆེན་པོ་ཞིག་ཟིན་པ་མ་ཟད།   ད་དུང་སློབ་གྲྭ་ཆེན་མོ་ཐོན་པའི་རྗེས་ལས་ཀའི་ས་མིག་ཕོན་ཆེན་ཞིག་ཟིན་གྱི་ཡོད།   འདིས་བོད་ཀྱི་ས་གནས་རང་གི་སློབ་མའི་ངོས་ནས་བྱས་ན་དོན་དངོས་ཐོག་དྲང་བདེན་རྩ་བ་ནས་མ་རེད།   འདི་ནི་ཤེས་ཡོན་གྱི་ཐོན་ཁུངས་བཙན་འཕྲོག་བྱས་པ་རང་རེད།   ཏག་ཏག་དྲ་གྲོགས་ཤིག་གིས་བརྗོད་པ་བཞིན།  ཕྱི་ནས་ཡོང་མཁན་མི་མང་པོ་ཞིག་ཡིག་ཚད་གཏོང་བར་ཡོང་གི་ཡོད་པ་འདིས་ས་གནས་རང་གི་དཀའ་ལས་རྒྱབ་མཁན་ཕྲུ་གུའི་ཁུར་པོ་ཞིག་ཆགས་རྒྱུ་རེད་ཅེས་བརྗོད་འདུག

དེ་མིན་ད་དུང་དོ་སྣང་བྱ་དགོས་པ་ཞིག་ནི།   སྤྱི་ལོ་ ༢༠༢༣ ཟླ་ ༡༠ ཚེས་ ༢༨ ཉིན་ཤིན་ཧྭ་གསར་འགྱུར་ཁང་གིས་གནས་ཚུལ་ཞིག་སྤེལ་ཡོད་པའི་ནང་བོད་རང་སྐྱོང་ལྗོངས་སློབ་གསོ་ལས་ཁུངས་དང་ཟི་ཁྲོན་གྱི་ཐན་ཧྥུའུ་ཤིན་ཆུའུ་(天府新区) ཁུལ་གྱི་མེའེ་ཧྲན་ (眉山) དོ་དམ་ལྷན་ཁང་གིས་མཉམ་འབྲེལ་ཐོག་སློབ་གྲྭ་གཉེར་རྒྱུའི་གན་རྒྱར་ས་ཡིག་བཀོད་ཡོད་པ་དང་།   ཟི་ཁྲོན་གྱི་ མེའེ་ཧྲན་ (眉山) ལ་སློབ་འབྲིང་གསར་རྒྱག་བྱ་རྒྱུ་ཡིན་ཞིང་།   འཆར་གཞི་ལྟར་ན་སློབ་མ་སུམ་སྟོང་བསྡུ་རྒྱུ་དང་།  སྤྱི་ལོ་ ༢༠༢༥ ཟླ་  ༦ གོང་འཛུགས་སྐྲུན་ལེགས་གྲུབ་ཡོང་བ་བྱ་རྒྱུ་རེད་འདུག   ཟི་ཁྲོན་གྱི་ ཐན་ཧྥུའུ་ཤིན་ཆུའུ་ (天府新区) ནི་ཉེ་བའི་ལོ་ཤས་རིང་བཙུགས་པའི་དཔལ་འབྱོར་གྱི་ཁུལ་གསར་པ་ཞིག་ཡིན་ཞིང་།   ཡང་བོད་རང་སྐྱོང་ལྗོངས་སློབ་གསོ་ལས་ཁུངས་ཀྱིས་ཞིང་ཆེན་གཞན་གྱི་ནང་རྒྱུགས་ཕྱིན་ནས་དཔལ་འབྱོར་ཉོ་ཚོང་གི་དམིགས་ཡུལ་ལྡན་པའི་ཁུལ་དུ་སློབ་འབྲིང་གསར་རྒྱག་བྱ་དོན་འདི་ཡང་གང་ཡིན་ནམ།   ཤེས་རྟོགས་བྱུང་བར་གཞིགས་ན།   འདི་ནི་གཙོ་བོ་བོད་སྐྱོར་ལས་བྱེད་པ་ཟེར་བ་དང་།   བོད་སྐྱོར་དམག་མི་དང་བོད་སྐྱོར་ཉེན་རྟོག་པ་ཟེར་བ་སོགས་ཀྱི་ཆེད་དུ་ཡིན་ཞིང་།   བོད་སྐྱོར་མི་སྣ་ཟེར་བའི་བུ་ཕྲུག་ཧ་ཅང་མང་པོར་སློབ་གྲྭ་བཙུགས་ཀྱི་ཡོད་པ་འདི་ནི་རྒྱ་ནག་གི་ས་གནས་ཁག་ནས་བོད་ལ་ཡོང་མཁན་གྱི་མི་སྣ་བོད་ནང་བློ་བདེ་བག་ཕེབས་ཡོང་ཆེད་དང་རྒྱུན་རིང་བོད་ནང་གནས་རྒྱུའི་ཆེད་དུ་ཆེད་མངགས་གཏན་འབེབས་བྱས་པའི་དམིགས་བསལ་སྲིད་ཇུས་ཤིག་ཆགས་ཀྱི་ཡོད།   དེ་ཡང་ཁོང་ཚོའི་བུ་ཕྲུག་བོད་ནང་ཡོང་སྟེ་སློབ་སྦྱོང་བྱ་མི་དགོས་པ་དང་།   ཐ་ན་སློབ་འབྲིང་མཐོ་རིམ་གྱི་ལོ་རིམ་གསུམ་པའི་ལོ་གཅིག་འདི་ཡང་བོད་ནང་ཡོང་ནས་སློབ་སྦྱོང་བྱ་མི་དགོས་པར་ཁོང་ཚོའི་འཚོ་བའི་གོམས་གཤིས་དང་མཐུན་པའི་རྒྱ་ནག་གི་སློབ་གྲྭའི་ནང་སློབ་སྦྱོང་བྱས་ཤིང་།  དེ་རྗེས་བོད་རང་སྐྱོང་ལྗོངས་ཀྱི་མཐོ་སློབ་ཡིག་རྒྱུགས་ཀྱི་དམིགས་བསལ་སྲིད་ཇུས་གཞི་བཟུང་མཐོ་སློབ་ཡིག་རྒྱུགས་ཀྱི་དམིགས་བསལ་སྲིད་ཇུས་འདི་ལོངས་སྤྱོད་བྱ་རྒྱུ་ཡོད།   འདི་ལྟར་བྱས་པ་ཡིན་ན།   བོད་རང་སྐྱོང་ལྗོངས་ནང་ཡོད་པའི་བོད་པའི་སློབ་ཕྲུག་ཚོའི་ཁྲོད་ནས་ཤེས་ཡོན་གྱི་ཐོན་ཁུངས་བཙན་འཕྲོག་བྱས་པའི་གནས་སྟངས་འདི་དེ་བས་མང་པ་ཆགས་རྒྱུ་རེད།།

གསར་འགོད་པ། སྒྲོལ་དཀར།
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ནོར་སྡེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྐུ་ངོ་རྒྱལ་ལོ་དོན་གྲུབ་མཆོག་བོད་གངས་ཅན་ལྗོངས་ཀྱི་ལོ་རྒྱུས་ཐོག་རྡོ་ལ་རི་མོ་བརྐོས་པ་བཞིན་གནས་པའི་བླ་སྲོག་ཅིག་ཡིན་ཞེས་པའི་རྩོམ་ཡིག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎