༧གོང་ས་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཚོར་མཇལ་ཁ་བསྩལ་བ།

ལས་བྱེད་རྣམས་ཀྱིས་ད་རེས་ཟུར་དུ་དམིགས་བཀར་མཇལ་ཁ་ཐོབ་པར་སྲི་ཞུའི་ལས་དོན་བསྒྲུབ་ཕྱོགས་ལ་བློ་སྟོབས་འཕར་མ་ཐོབ་སྐོར་གསུངས་བྱུང་།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་སྒྲིག་འཛུཊ་ཀྱི་ལས་བྱེད་པ་ཡོངས་ལ་མཇལ་ཁ་བསྩལ་བར་གཞོན་སྐྱེས་མང་པོར་སེམས་འགུལ་ཆེན་པོ་ཐེབས་ཡོད་པ།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁག་དུ་ཆིབས་སྒྱུར་བསྐྱངས་སྐབས། ༢༠༢༦།༥།༡༢
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁག་དུ་ཆིབས་སྒྱུར་བསྐྱངས་སྐབས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁག་དུ་ཆིབས་སྒྱུར་བསྐྱངས་སྐབས། ༢༠༢༦།༥།༡༢ (RFA Tibetan)

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་ ༥ ཚེས་ ༡༢ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཆོས་རྭའི་ནང་། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་ལྔ་བརྒྱ་ཙམ་ལ་མཇལ་ཁ་བསྩལ་གནང་མཛད་འདུག་པ་དང་། ཐེངས་འདིར་ལོ་ངོ་མང་པོའི་རྗེས་སྲི་ཞུའི་ལས་བྱེད་རྣམས་ལ་དུས་གཅིག་ལ་མཉམ་འདུས་ཐོག་༧གོང་ས་མཆོག་གི་མཇལ་ཁ་ཐོབ་པ་དེས། སྲི་ཞུའི་ལས་དོན་སྒྲུབ་སྐབས་ལྷག་བསམ་རྣམ་དག་ཐོག་ལས་དོན་སྒྲུབ་གནང་རྒྱུར་སེམས་ཤུགས་འཕར་མ་བསྐྲུན་ཡོད་སྐོར་སྲི་ཞུའི་ལས་བྱེད་ཁག་ཅིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

དེ་ཡང་མཇལ་ཁ་དང་འབྲེལ་བའི་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་ཀྱིས། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་ནང་མི་རབས་ཀྱི་ཐོག་ནས་འགྱུར་བ་འགྲོ་བཞིན་དམིགས་བསལ་གཞོན་སྐྱེས་མང་པོ་ཞིག་གསར་ཞུགས་བྱེད་བཞིན་ཡོད་པས། མཇལ་ཁ་འདིའི་བརྒྱུད་ལོ་ན་གཞོན་པ་ཚོར་སེམས་འགུལ་དང་བྱིན་གྱིས་རླབས་རྒྱུར་ཕན་ཐོགས་བྱུང་ངེས་དང་སྐལ་པ་བཟང་པོ་ཡོང་གི་ཡོད་ངེས་པར་དམིགས་ཏེ་མཇལ་ཁ་ཞུས་པ་བཞིན། མཇལ་ཁ་གྲུབ་མཚམས་སྲི་ཞུའི་ལས་བྱེད་བགྲེས་གཞོན་བར་གསུམ་གྱི་ཚབ་ཞུས་ཏེ། དབུ་ཁྲིད་བཟང་པོ་འདི་ལྟ་བུའི་མཇལ་ཁ་ཐོབ་པ་དེས། ལས་བྱེད་རྣམས་ལ་སེམས་འགུལ་ཐེབས་ངེས་ཡིན་པའི་ཡིད་ཆེས་བརྟན་པོ་ཡོད་ཅིང་། བྱིན་གྱིས་རླབས་སོང་བསམ་པའི་ཚོར་སྣང་བྱུང་ཞེས་གསུངས་བྱུང་།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུ་བཞུགས་ཐོག་ལྷན་རྒྱས་སུ་སྒྲོན་པའི་སྲི་ཞུའི་ལས་བྱེད་པ་ཡོངས་ཀྱི་སྐུ་པར། ༢༠༢༦།༥།༡༢
༧གོང་ས་མཆོག་གི་མཇལ་ཁའི་སྐབས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུ་བཞུགས་ཐོག་ལྷན་རྒྱས་སུ་སྒྲོན་པའི་སྲི་ཞུའི་ལས་བྱེད་པ་ཡོངས་ཀྱི་སྐུ་པར། ༢༠༢༦།༥།༡༢ (OHHDL)

བཀའ་དྲུང་ཡིག་ཚང་གི་ལས་བྱེད་ངག་དབང་དབང་མོ་ལགས་ཀྱིས། ཐེངས་འདིར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གསེར་ཞལ་མཇལ་བ་འདིས་ཧ་ཅང་སྐལ་བ་བཟང་པོ་ཚོར་བྱུང་ཞེས་དང་། དམིགས་བསལ་༧གོང་ས་མཆོག་གིས་སྐུ་ཚེ་ཧྲིལ་པོར་བོད་དོན་ཐོག་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་ཡོད་པས། ད་ཆ་༧མགོན་པོ་མཆོག་དགུང་ལོ་བགྲེས་པོར་ཕེབས་ཡོད་དུས། ང་ལ་མུ་མཐུད་སྲིད་ཞུའི་ལས་དོན་བསྒྲུབ་རྒྱུར་བློ་སྟོབས་གསར་པ་ཞིག་སྐྱེས་བྱུང་ཞེས་གསུང་གི་འདུག

བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་ཀྱི་ལས་བྱེད་བསྟན་འཛིན་དབྱངས་སྐྱིད་ལགས་ཀྱིས། ཐེངས་འདིར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཐོབ་པ་དེས་བཀའ་དྲིན་ཆེན་པོ་ཚོར་བྱུང་ལ། ལས་བྱེད་ཅིག་ལ་མཚོན་ན་༧གོང་ས་མཆོག་གི་བཀའ་སྒྲུབ་དགོས་པའི་ཚོར་སྣང་སོགས་སེམས་ཤུགས་འཕར་མ་བསྐྲུན་བྱུང་ཞེས་འགྲེལ་བརྗོད་གནང་བྱུང་།

བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་རྣམས་ལ་མཇལ་ཁ་བསྩལ་པའི་སྐབས། ༢༠༢༦།༥།༡༢
༧གོང་ས་མཆོག་གི་ལྷན་རྒྱས་སུ་སྒྲོན་པའི་སྐུ་པར། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་རྣམས་ལ་མཇལ་ཁ་བསྩལ་པའི་སྐབས། ༢༠༢༦།༥།༡༢ (RFA Tibetan)

འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བྱེད་བསྟན་འཛིན་འཇིགས་མེད་ལགས་ཀྱིས། ཁོང་ལ་མཚོན་ན་ཐེངས་འདིར་མཇལ་ཁ་ཐོབ་པ་དེ་ཐེངས་དང་པོ་ཆགས་ཀྱི་ཡོད་པ་འགྲེལ་བརྗོད་གནང་པ་དང་སྦྲགས། མཇལ་ཁ་ཐོབ་པ་དེས་མ་འོངས་ལས་དོན་བྱེད་ཕྱོགས་ལ་སེམས་ཤུགས་འཕར་མ་དང་། རང་བཞིན་གྱིས་སྲི་ཞུའི་ལས་དོན་གཉེར་སྐབས་ཀྱི་བསམ་བློ་ཁྱེར་ཕྱོགས་ལ་འགྱུར་བ་ཆེན་པོ་ཞིག་ཐེབས་ཡོད་པ་འགྲེལ་བརྗོད་གནང་བྱུང་།

ཐེངས་འདིར་གངས་ཅན་སྐྱིད་གཤོངས་ཁུལ་གྱི་སྲི་ཞུའི་ལས་བྱེད་རྣམས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་པའི་སྐབས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་དམིགས་བསལ་ཕེབས་མེད་ཀྱང་། སྲིད་ཞུའི་ལས་བྱེད་ཐུན་མོང་གིས་མཎྜལ་འདེགས་འབུལ་དང་བརྟན་བཞུགས་ཀྱི་རྟེན་དོད་ཚུལ་དུ་ཕྱག་དངུལ་ཧིན་སྒོར་འབུམ་དྲུག་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཞལ་འདེབས་ཕུལ་འདུག

བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།